སློབ་གསོ་བ། དོ་རྒྱ་བསོད་ནམས་ཚེ་རིང་།སློབ་གསོ་བ་དང་དགེ་རྒན། དོ་རྒྱ་བསོད་ནམས་ཚེ་རིང་།
བྱང་ཆུབ་ཚེ་བརྟན་ལ་སྤྲིངས་པའི་འཕྲིན་ཡིག ཤ་ཁྲག་རུས་གསུམ་སྙིང་དང་བཅས་པ་ཉེ་བའི་མྱི་གཞི་རྩ་ལག་ཏུ་གཏོགས་པ་བྱང་ཆུབ་ཚེ་བརྟན་གྱི་ལག་ཟུང་ཁ་པར་བཞད་པའི་ངོས་སུ།
དོ་རྒྱ་བསོད་ནམས་ཚེ་རིང་དུ་འབོད་པས་ཆེད་དུ་འཚམས་ཞུ་དང་བཅས་གྲོས་སུ་འདེབས་དོན། ཐོག་མར་ཉེ་བའི་ཆར་ཁྱེད་རང་སྲིད་འཛིན་གོ་གནས་འཕར་ནས་རྫོང་དཔོན་གཞོན་པར་བསྐོས་པ་མ་ཟད། སློབ་གསོའི་རྫོང་དཔོན་ལ་ལས་བགོས་བྱས་པར་རྟེན་འབྲེལ་ཞུ།
བདག་ནི་ཕ་ཡུལ་རིག་གནས་བཙན་རྫོང་ན་སྔར་བཞིན་ལུས་ངག་ཡིད་གསུམ་བདེ་བའི་ངང་ནས་རང་གཞན་དོན་གཉིས་ཟུང་དུ་འབྲེལ་བའི་སློབ་གསོའི་བྱ་གཞག་ལ་གཞོལ་ཅི་ནུས་སུ་མཆིས་སོ།།
སྤྱིར་ན་ཁྱེད་རང་ལྟ་བུ་དུས་རབས་གསར་པའི་འབུམ་རམས་པ་ཞིག་ལ། ཆོས་སྲིད་གང་གི་ཆ་ནས་མ་འཇོན་པ་བདག་གིས་གྲོས་སུ་གདབ་པའི་དགོས་པ་ཅང་མ་མཆིས་མོད། འོན་ཀྱང་བདག་ལ་མཚོན་ན། ཁྱི་ལོ་ཕག་ལོ་གྲོད་པུ་ནང་ལ་བསགས་ནས་མི་ཚེ་ཞིག་ལ་སློབ་གསོ་བསྒྲུབས་ཏེ་རྒས་པའི་ཞ་དང་ཞོར་ལ། སྤྱིར་འཇིག་རྟེན་དང་སྒོས་སུ་སློབ་གསོའི་ཆ་ནས་བླང་དང་དོར་བྱའི་ལྟ་བ་རང་ཚོད་མ་ཞིག་མ་བསམས་ས་ནས་རང་ཤུགས་སུ་ཆགས་སོང་བས། དེའི་ཕྱོགས་ནས་ཆེ་བས་ཆུང་བ་ལ་ཁ་བརྡ་རེ་མ་བྱས་ན་སྤྱི་མེས་ཀྱི་ཞལ་ཆེམས་དང་ཅུང་ཟད་འགལ་འདུག་བསམས་པས་རྟོལ་ལི་གར་པས་མཛོ་ཚུགས་བཟུང་ནས་རང་རོགས་གཉིས་ཀ་ལ་ཕན་སྙམ་པའི་སེམས་གཏམ་འགའ་ཤས་ཞུ་སྙིང་འདོད་དོ།།
རང་ཅག་ཕལ་བའི་ཁྱིམ་རྒྱུད་དུ་སྐྱེས་པའི་མི་ཞིག་ལ་མཚོན་ན། མི་ཚེ་གང་བོར་ཕལ་བའི་འཚོ་བ་རོལ་ཏེ་རང་ཁ་སོས་ཤིང་རང་ནམ་ལངས་པའི་ངོས། གཞན་ལ་ཕན་སེམས་དང་བཅས་བྱ་བ་རེ་བསྒྲུབ་ཐུབ་ན་དེ་ལས་ལྷག་པའི་བདེ་སྐྱིད་ཅིག་མེད་བསམས་མོད། འོན་ཀྱང་དེང་སང་གི་ཆུང་ཕྱོགས་པ་རྣམས་གཞུང་ཞབས་པའི་བྱ་བ་ལ་ཤིན་ཏུ་མོས་པ་མ་ཟད། བྱ་བ་རག་པ་ཙམ་ནས་དཔོན་གནས་ཤིག་ཡིད་ལ་དྲན་དྲན་དུ་འདུག་པ་བཞིན།
ཁྱེད་རང་ཡང་འཁྲུལ་སྣང་ལས་མ་འདས་པ་ལ་ཅི་ཁག་སྙམ་མོ།།
གང་ལྟར་དཔོན་པོ་ལ་མ་བསྡད་ཟེར་རུང་བསྡད་ཟིན་པ་ན།
ད་ནི་ཕྱི་བསྣུར་སྟེག་རྒྱུའང་དཀའ་མོ་ནང་གི་དཀོན་མོ་ཡིན་པས། དཔོན་ས་ནས་དམངས་ཡིད་ཚིམ་པའི་སློབ་གསོ་ཞིག་བསྒྲུབ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་དང་། བརྒྱ་བཤད་ཚིག་གི་རྩ་བ་ཡིན་པ་སྨོས་མ་དགོས་པ་རེད།
གལ་ཏེ་ས་གནས་དང་ཁྱད་པར་དུ་འབྲོག་ཕྱོགས་ཀྱི་སློབ་གསོ་ལེགས་པོ་ཞིག་མ་བསྒྲུབ་པར་སློབ་གསོའི་ཉེས་ཅན་དུ་གྱུར་སོང་ན། དེ་ནི་རྒྱལ་ཁབ་དང་། མི་རིགས། ས་གནས། མི་རབས་ཤིག་ལ་མཚོན་ན་ཁ་གསབ་ཏུ་མེད་པའི་གྱོང་ཆེན་ཞིག་རག་སོང་བ་རེད།
དེ་ལྟ་ན། འུ་ཅག་དོ་རྒྱའི་ཕྱོགས་ཀ་དང་ཤ་ཉེ་རིང་། ཁྱིམ་རྒྱུད་ཀྱི་སྣའང་རང་བཞིན་གྱིས་བཅད་སོང་བ་ཡིན་པས། ད་ནི་ལྷོད་ལྷོད་དང་ཡེངས་ཡེངས་སུ་མི་སྡོད་པར་ཅི་ནས་ཀྱང་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་རན་དང་།
བློ་རྩེ་ཉི་ཤུ་རྩ་ལྔ་ཁོལ་རན་མ་ཟད། དུས་དང་རྣམ་པ་ཀུན་ཏུ་གཟབ་གཟབ་མཛད་རན་ལ་ཐོན་ཟིན་པ་རེད།
ནམ་རྒྱུན་མི་རྣམས་ཀྱིས་སློབ་གསོའི་དགྲ་བོ་ཟེར་བ་ཞིག་གནས་གཞན་དང་རང་ལས་གཞན་པའི་སྐྱེ་བོ་ཞིག་གི་སྟེང་ཁོ་ན་ནས་འཚོལ་གྱིན་འདུག་པ་ལ་གནས་ལུགས་ཤིག་ཡོད་དུ་ཆུགས་ཀྱང་།
དོན་ལ་སློབ་གསོའི་དགྲ་བོ་ངོ་མ་བོ་ནི་ཏག་ཏག་ཁྱེད་ལྟ་བུ་སློབ་གསོའི་རྫོང་དཔོན་འཁོར་དང་བཅས་པའི་སློབ་གསོའི་ཁ་འཕྲོའི་དབང་ཡོད་དཔུང་ཚོགས་སུ་གནས་པར་གདོན་མི་ཟའོ།།
མི་ཕལ་བ་རྣམས་ཀྱི་ཁ་རུ་ཁ་ཐུག་གི་བསམ་གཞིག་གཏོང་སྟངས་ལྟར་ན། སློབ་གསོའི་དགྲ་བོ་ངོ་མ་ནི་དགེ་རྒན་དང་། སློབ་གཙོ།
ཅུའུ་ཀྲང་གི་སྟེང་ལ་འཕེན་རྐྱང་བྱེད་མོད།
འོན་ཀྱང་ཞིབ་ཏུ་འདང་བརྒྱབ་ན། དེ་འདྲའི་ཚུར་སྣང་གི་རྣམ་པ་ཁོ་ན་ཞིག་ག་ལ་ཡིན་ཏེ། དེ་ཡང་ཚད་ལྡན་མ་ཡིན་པའི་དགེ་རྒན་ཞིག་སློབ་གྲྭ་ཞིག་གི་དགེ་རྒན་ལ་འཇོག་མཁན་དང་། ཚད་ལྡན་མ་ཡིན་པའི་སློབ་གཙོ་ཞིག་སློབ་གྲྭ་ཞིག་གི་སློབ་གཙོ་ལ་འཇོག་མཁན། ཚད་ལྡན་མ་ཡིན་པའི་ལས་བྱེད་པ་ཞིག་རྫོང་ཞིག་གི་སློབ་གསོའི་ཅུའུ་ཀྲང་ལ་འཇོག་མཁན་རྣམས་ནི་ཏག་ཏག་སློབ་གསོའི་དགྲ་བོ་ངོ་མ་བོ་རེད་ལ། ཡང་གཅིག་བཤད་ན། དེའི་ཕྱོགས་ལ་འབྲེལ་འཇོག་མཁན་བར་བ་དག་ཀྱང་སློབ་གསོའི་དགྲ་བོའི་འཁོར་དུ་གཏོགས་ངེས་ལ། ཁྱེད་ལྟ་བུ་སློབ་གསོའི་གཙོ་བོ་ཇི་ལྟར་ལྷོད་ན་འཁོར་རྣམས་དེ་ལྟར་རྒོད་ཅིང་། འཁོར་རྣམས་ཇི་ལྟར་རྒོད་ན་སློབ་གྲྭ་དེ་ལྟར་ཟད་ཟད་ལོང་ལོང་བྱེད་པ་དང་། སྐབས་དེ་ནས་དགེ་རྒན་གྱིས་སློབ་ཁྲིད་བྱེད་པ་ལས“མི”འཚོལ་བར་བྱེད་ལ། སློབ་གཙོས་ཀྱང་དོ་དམ་བྱེད་པ་ལས“ཆང”འཐུང་བའི་བྱ་བ་ཕྱིན་ཅི་ལོག་གི་ལམ་དུ་འཇུག་པར་འགྱུར་རོ།།
ཁྱེད་རང་གིས་རྩ་འཛུགས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་བར་མི་འདོད་ན་དགེ་རྒན་གྱི་ཕག་གི་མིའི་ཁ་ངོ་ཆེ་ཆུང་ལ་མི་ལྟ་བར་དགེ་རྒན་ཚད་དང་ལྡན་པ་དག་ལ་འོས་ཤིང་འཚམས་པའི་སློབ་ཁྲིད་དང་གོ་གནས་རེ་བཀོད་སྒྲིག་བྱེད་རྒྱུ་ནི་སློབ་གསོ་ལེགས་པར་སྒྲུབ་པའི་རྩ་བའི་དམ་ཚིག་རེད་ཅེས་གསལ་བོ་ཞིག་བཤད་འདོད་དོ།། ཚུལ་དེ་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་བརྒྱའི་ཇུས་ཆེན།རྩ་བ་སློབ་གསོ། སློབ་གསོའི་ཇུས་ཆེན། རྩ་བ་དགེ་རྒན།”①ཞེས་གསུངས་པ་རེད་ལ། དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལོགས་སུ་བསྐྱུར། སློབ་གཙོའི་དཔུང་སྡེ་ཕྱིན་ཅི་ལོག་ཏུ་བཀོལ་བ་ཡིན་ན། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་དང་དངོས་སུ་འགལ་སོང་བས་རང་གིས་གོ་གནས་མ་ནོན་པའི་ཉེས་པ་རང་བཞིན་གྱིས་བསགས་འགྲོ་བ་རེད།
གལ་ཏེ། ཁྱེད་རང་གིས་སྤྱི་ཚོགས་སྟེང་གི་ཁ་ཆེན་ངོ་ཆེན་དག་བརྒྱུད་ནས་སློབ་གྲྭ་ཞིག་ལ་དགེ་རྒན“ཨ་ཧ་མ”②གཅིག་བཞག་པའི་དབང་དུ་བཏང་ན། དགེ་རྒན་དེས་ཉིན་རེར་སློབ་མ་བརྒྱ་རེ་བླུན་རྨོངས་སུ་གཏོང་བཞིན་ཡོད་པ་དང་།
གལ་ཏེ་དགེ་རྒན“ལྡ་མ་ལྡིང”③ཞིག་སློབ་གྲྭ་ཞིག་གི་སློབ་གཙོ་ལ་བཞག་པ་ཡིན་ན། ཉིན་མ་རེར་སློབ་མ་བརྒྱ་ཕྲག་ནས་སྟོང་ཕྲག་རེ་ཁ་གནམ་ལ་སྐོར་བཞིན་ཡོད་པ་དང་། གལ་ཏེ་ལས་བྱེད་པ“ཁ་ཡ་འཁོར”④ཞིག་སློབ་གསོའི་ཅུའུ་ཀྲང་ལ་བཞག་པ་ཡིན་ན།
ས་གནས་དེའི་སློབ་གསོའི་ཞིང་ས་ལ་ཐན་པ་ཐན་ནག་ཕོག་སོང་ཡིན་པས། སློབ་གསོའི་རྫོང་དཔོན་ཞིག་ཡིན་ན། སློབ་གསོ་ཁ་ཡར་ལ་བསྐོར་མི་ནུས་ཀྱང་། སློབ་གསོའི་ཁ་མར་ལ་བསྐོར་སོང་བ་ཡིན་ན། སློབ་གསོའི་ཅུའུ་ཀྲང་དང་། སློབ་གཙོ།
དགེ་རྒན་རེ་འགའ་གློ་བུར་དུ་བརྗེས་ཤིང་སྤྲུལ་བ་འདྲ་བསྟན་ཏེ་སློབ་གསོ་དེ་མ་ཐག་ཁ་ཡར་ལ་སྐོར་འདོད་པ་ནི། འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་ལས་མ་འདས་སོ།།
ཡང་ཁྱེད་ཀྱི་དྲན་ཕྱོགས་ཤིག་ལ། རང་གིས་དེ་ལྟར་ཚད་ལྡན་མ་ཡིན་པའི་དགེ་རྒན་དག་གནད་འགག་གི་ལས་རྐང་ལ་མ་བཞག་ན་དེ་རེད། གཞན་གྱིས་བཞག་པ་ལ་ཁ་ཡ་ག་ལ་བྱེད་ཐུབ་སྙམ་ལས་ཆེ་མོད། དེ་ནི་རྩ་བ་ནས་ནོར་བ་ཞིག་སྟེ། ཁྱེད་ནི་སློབ་གསོ་གཙོ་བོར་བདག་དམ་བྱེད་པའི་རྫོང་དཔོན་རེད་ལ། སློབ་གསོ་མ་བསྒྲུབ་ན་ཁྱེད་ཀྱིས་རང་གི་ལས་བགོས་བྱ་བ་མ་འགྲུབ་པ་རེད། སྐབས་དེར་བྱ་བའི་བྱས་ཉེས་མཐའ་དག་གཞན་སུ་ཞིག་གི་སྟེང་ལ་འཕེན་ས་ཡོད་པ་མ་རེད། དེ་ཡང་ཡིན་ཏེ།
དགེ་རྒན་ལས་གནས་སྤར་བ་ལ་ཁྱེད་རང་ཐེ་བཞིན་ཡོད། སློབ་གཙོ་བསྐོ་འཇོག་ལ་ཁྱེད་རང་ཐེ་བཞིན་ཡོད། ཅུའུ་ཀྲང་བརྗེ་སྤོར་ལ་ཁྱེད་རང་ཐེ་བཞིན་དུ། སློབ་གསོའི་རྒྱུ་སྤུས་ཉམས་ན་གཞན་སུ་ཞིག་གི་མགོ་ལ་འཕེན། བྱ་བ་བཟང་ངན་ཅི་རིགས་རྣམས། རང་གིས་ལས་པ་དང་གཞན་ལ་ལས་སུ་འཇུག་པ། གཞན་གྱིས་ལས་པ་ལ་རྗེས་སུ་ཡི་རངས་བྱེད་པ་རྣམས་ཀྱི་ལས་འབྲས་གཅིག་ཏུ་འབབ་པ་མ་ཡིན་ནམ།
སྤུན་ཆུང་ལགས། བདག་གིས་འདི་ལྟར་བཤད་ན། བསམ་གཟས་ནས་ཁྱེད་རང་སེམས་ཁམས་མི་བདེ་བར་གཏོད་པ་དང་འདྲ་རུང་།
དོན་ངོ་མ་སློབ་གསོའི་རྫོང་དཔོན་ཞིག་ལ་འདུག་པ་ནི།
དམག་དཔོན་ཞིག་གིས་རལ་གྲི་སོ་གཉིས་མ་ཞིག་ལག་ལ་ཐོགས་པ་དང་ཀུན་ནས་མཚུངས་ཏེ།ལེགས་ན་རང་ཉིད“དག་ཞིང”དུ་ཕེབས་རྐྱང་རེད་ལ།ཉེས་ན་རང་ཉིད“དམྱལ་བ”ལས་འགྲོ་ས་གཞན་མེད་པ་ཤེས་ན་རེད།
ཡང་གཅིག་བཤད་ན། ཁྱེད་ཀྱི་དཔོན་ལོའི་ནང་ལ་རང་ཉིད་ཁ་ལས་རེ་དགེ་སོང་ན། “རྒྱལ་ཁ”རེ་ལོན་སོང་ན། གོ་ས་རེ་འཕར་སོང་ན། གཞུག་བཤད་ཅི་ཡང་མེད་ཅིང་། སྲིད་ཇུས་དང་། ཁྲིམས་ལུགས། ལས་འབྲས་ལས་ཡོངས་སུ་ཐར་སོང་བར་མ་འདོད་ཅིག རྒྱལ་ཁམས་ན་ཡེ་ཤེས་ཀྱི་སྤྱན་ཡོད་པས། དཔོན་པོ་དག་གིས་རང་རང་ས་ནས་ཤངས་རྟགས་སྣ་ཚོགས་བསྟན་ནས་རང་གི་ཉེ་འབྲེལ་དང་། བཟང་ས།
ཤ་ཁྲག ངོ་ཆེན་གྱི་བུ་དང་བུ་མོ་སྟེ་དགེ་རྒན་ཚད་ལྡན་མ་ཡིན་པ་མང་པོ་བསམ་བཞིན་དུ་མི་ལ“བཟང”འཆའ་བྱེད་བྱས་ཏེ། སློབ་གྲྭ་སོ་སོར་བཙན་གྱིས་བརྫངས་ནས་སློབ་མ་མང་པོ་ལ“ངན”བཅོས་པའི“རྣམ་ཐར”ལེ་ལན་དང་བཅས་པ་ད་དུང་གང་སར་གླེང་བའི་མཐའ་ཡིས་རྫོགས་མེད་པ་ཨེ་གོ། དེ་འདྲ་ཡིན་ན། མྱི་ཤི་རུང་མིང་མི་བརྗེད་སྤྱད་དང་མི་ཚེ་ལ་གཏན་ཚེ་བཞག་པ་རེད་ལ།
དེ་འདྲ་ཡིན་ན། ད་དུང་མི་ཚེ་ཙམ་ཐུང་ཐུང་ཞིག་ཡིན་ན་དྲགས་ཀྱི།
ལས་འབྲས་བག་ཕྱེ་བས་ཀྱང་ཞིབ་པས་ཉེས་པ་འདག་པའི་དཀའ་ལས་ཁག་པོ་གཞུག་ན་ཡུན་རིང་ཞིག་ཡོད་དོ།།
སྤུན་ཆུང་ལགས། མདོར་ན། ཕ་དམ་པས“གང་ལ་དབང་ཡོད་དེ་ལ་སྡིག་པ་ཡོད།། ཁ་དྲག་དབང་འདོད་སྤོངས་ཤིག་དིང་རི་བ།།”⑤ཞེས་གསུངས་པ་ལྟར། སྲིད་འཛིན་གྱི་དབང་དེ་བདེན་པས་ཚད་ཤེས་ན་རང་གཞན་དོན་གཉིས་འགྲུབ་པའི་ནོར་བུ་ཞིག་དང་། དབང་དེ་ཆགས་སྡང་གིས་ཚད་མ་ཤེས་ན་རང་གཞན་དོན་གཉིས་བརླགས་པའི་མཚོན་ཆ་ལས་ཅི་ཡང་མ་ཡིན་ལ།
རྫོང་རིམ་པའི་ལས་བྱེད་ཅེས་པ་དེ་འུ་ཅག་གི་ཁྱིམ་རྒྱུད་ལ་མཚོན་ན་གནམ་གནམ་ཞིག་ཡིན་རུང་། རྒྱལ་ཁབ་ལ་མཚོན་ན་ས་ཐོག་གི་རྩི་ཏོག་ལས་མ་འདས་པས་དཔངས་དཔངས་བྱེད་རྒྱུ་ཞིག་གཏན་ནས་མེད་ལ། འུ་ཅག་གི་ཁྱིམ་རྒྱུད་ལ་ཞིང་འདེབས་པའི་ཉམས་མྱོང་ལས་དཔོན་པོ་ལ་འདུག་པའི་ཐབས་ཤེས་ཅི་ཡང་མེད་པས། དེ་ནི་ཡེ་ཀ་ཁ་ནས་སློབ་པ་དང་ཀུན་ནས་མཚུངས་པའི་གོ་ས་དེ་ཡང་མཐའ་མར་ལྷུང་ངེས་པའི་ཕྱག་རྒྱས་བཏབ་ནས་བཞག་ཡོད་པ་ཉིན་མཚན་དུས་དྲུག་ཏུ་མ་བརྗེད་ན་འགྲིག་གོ
།
མདོར་ན། མཐོན་པོའི་བཀའ་བརྩིས་བརྩིས་ནས་སློབ་མ་བརླག་པར་མི་བྱའོ།། བར་གྱི་འཛུམ་འཚོས་འཚོས་ནས་སློབ་མ་བརླག་པར་མི་བྱའོ།།
དམའ་སའི་རྙེད་བཀུར་སྤྱད་སྤྱད་ནས་སློབ་མ་བརླག་པར་མི་བྱའོ།།
མཇུག་མཐར། ཏང་གི་གསོ་སྐྱོང་དང་། མི་དམངས་ཀྱི་རེ་བ། དགེ་རྒན་རྣམས་ཀྱི་བློ་གྲོས་ཆུད་ཟོས་སུ་མི་གཏོང་བར།
སློབ་གསོ་བྱ་བའི་ཆོས་ཉིད་རྣལ་མ་བྱང་དུ་ཆུབ་ཅིང་ཚེ་རིང་ནད་མེད་རྟག་བརྟན་ངོས། ས་གནས་སློབ་མའི་ཤེས་རབ་ཀུན་ནས་རྒྱས་པའི་རྐྱེན་ཉག་གཅིག་ཏུ་གྱུར་ནས། ནམ་ཞིག་བདེ་ཞིང་འཚམས་པའི་ངང་ལས་འཁྱུར་ངལ་གསོ་བྱེད་རྒྱུ་ཡོད་པའི་སྨོན་འདུན་དང་བཅས་རེ་ཞིག་རྫོགས་སོ།།
མཆན།
①“百年大计,教育为本;教育大计,教师为本。”2014年9月9日,习近平到北京师范大学看望教师学生时的讲话。
②དགེ་རྒན་ཨ་ཧ་མ། ཡུལ་སྐད་དེ། ཡོན་ཏན་དང་འཁྲིད་ཐབས་གཉིས་ཀ་མི་འཇོན་པའི་དགེ་རྒན་གྱི་མིང་།
③ དགེ་རྒན་ལྡ་མ་ལྡིང་། ཡུལ་སྐད་དེ།
སློབ་ཁྲིད་བྱེད་མི་དགོས་པའི་དགེ་རྒན་གྱི་མིང་།
④ ལས་བྱེད་པ་ཁ་ཡར་འཁོར། ཆབ་སྲིད་བརྡ་ཆད་དེ། རྒྱ་སྐད་ཀྱིས向上看ཟེར་ཞིང་། ནམ་རྒྱུན་མང་ཚོགས་ཀྱི་བདེ་སྡུག་ཅི་ཡང་མི་བསམ་པར་གོང་རིམ་གྱི་འབྲེལ་བ་ཁོ་ན་གཙིགས་སུ་འཛིན་པའི་ལས་བྱེད་པའི་མིང་།
⑤«རིས་མེད་བློ་སྦྱོང་གི་ཆོས་སྐོར་ཐུབ་དབང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།» གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་།«རྗེ་བཙུན་དམ་པ་སངས་རྒྱས་ཀྱི་ཞལ་གདམས་དིང་རི་བརྒྱ་རྩ་མ་བཞུགས་སོ།།» ཤོག་ངོས117ན་གསལ།