རྗེ་ཀིར་ཤུ་ན་མུར་ཏིས་གསུངས། ལོ་མ་རྒྱལ་གྱིས་བསྒྱུར།
ཁྱོད་ཀྱིས་མིག་ཟུང་བཙུམས་ནས་ལྷོད་ཅག་གེར་བསྡད་དེ། རང་གི་བསམ་བློའི་གཡོ་འགུལ་ལ་ལྟ་རྟོག་གམ་མེལ་ཚེ་བྱས་མྱོང་ངམ། ཁྱོད་ཀྱིས་རང་སེམས་ཀྱི་རྩོལ་བ་ལ་ལྟ་རྟོག་བྱས་མྱོང་ངམ། ཡང་ན་ཆེས་སྤྱིར་བཏང་གི་རྣམ་པའི་སྒོ་ནས་རང་སེམས་ཀྱིས་རང་སེམས་ལ་ལྟ་རྟོག་བྱས་མྱོང་ངམ། དེ་ཡང་རང་གི་བསམ་བློ་དང་། སེམས་ཚོར་ལ་ལྟ་རྟོག་བྱས་མྱོང་ངམ། ད་དུང་རང་གིས་ལྗོན་པ་དང་མེ་ཏོག །བྱ་དང་བྱེའུ། མི་ཚོགས་བཅས་ལ་ཇི་ལྟར་ལྟ་བཞིན་ཡོད་མེད་ལ་ཡང་ལྟ་རྟོག་བྱས་མྱོང་ངམ། དེ་བཞིན་རང་ཉིད་ཀྱིས་གཞན་པའི་བསམ་ཚུལ་ལ་ལན་ཇི་ལྟར་འདེབས་ཀྱིན་ཡོད་མེད་དང་། བསམ་བློ་གསར་བ་ལ་ཡ་ལན་ཇི་ལྟར་སྤྲོད་ཀྱིན་ཡོད་མེད་ལ་ཡང་ལྟ་རྟོག་བྱས་མྱོང་ངམ། [མདོར་ན། ཁྱོད་ཀྱིས་རང་གི་ལུས་ཡིད་སེམས་ཀྱི་བྱ་བ་ལ་མེལ་ཚེ་བྱས་མྱོང་ངམ།] སྔོན་ཆད་ཁྱོད་ཀྱིས་དེ་ལྟར་བྱས་མྱོང་ཡོད་དམ། གལ་ཏེ་ཁྱོད་ཀྱིས་དེ་ལྟར་བྱས་མྱོང་མེད་ཚེ། གལ་ཆེ་བའི་ལས་དོན་ཞིག་མ་སྒྲུབ་པ་རེད།
སེམས་ཀྱི་རྩོལ་བ་བྱེད་ཚུལ་ཤེས་པར་བྱེད་པ་ནི། སློབ་གསོའི་དམིགས་ཡུལ་གཙོ་བོ་ཞིག་ཡིན།
ཁྱོད་ཀྱིས་རང་སེམས་ཀྱི་རྩོལ་བ་བྱེད་ཚུལ་མ་ཤེས་ན། རང་སེམས་ཀྱིས་དེའི་འགུལ་སྐྱོད་མ་ཤེས་ན།
སྤྱི་ཚོགས་ནི་ཅི་ཞིག་ཡིན་པ་གཏན་ནས་མི་ཤེས། སྤྱི་ཚོགས་རིག་པའི་དཔེ་ཆ་ཀློག་སྲིད་ལ། སྤྱི་ཚོགས་ཚན་རིག་ལ་སློབ་སྦྱོང་ཡང་བྱེད་ངེས།
ཡིན་ཡང་། རང་སེམས་ཀྱི་རྩོལ་བ་བྱེད་ཚུལ་མ་ཤེས་ན། དོན་དངོས་སུ་སྤྱི་ཚོགས་ནི་ཅི་ཞིག་ཡིན་པ་རྟོགས་མི་ཐུབ།
ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་བསམ་བློ་ནི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་ཞིང་། དེ་ནི་སྤྱི་ཚོགས་ཡིན།
སྤྱི་ཚོགས་ནི། ཁྱོད་ཀྱི་རྣམ་འགྱུར་དང་། དད་མོས། ལྷ་ཁང་དུ་འགྲོ་བ།
རྒྱབ་ཀྱི་གོན་པ། གང་སྒྲུབ་པ་དང་མི་སྒྲུབ་པ། བསམ་བློ་ཅི་གཏོང་བ་བཅས་ཀྱིས་གྲུབ་ཡོད། དེ་ནི་ཁྱོད་ཀྱི་བསམ་བློའི་འདྲ་བཤུས་དང་ཐོན་འབྲས་ཤིག་ཀྱང་རེད།
དེར་བརྟེན། ཁྱོད་ཀྱི་བསམ་བློ་ནི་སྤྱི་ཚོགས་དང་ཐ་དད་པ་ཞིག་མིན་ལ། དེ་ནི་ཁྱོད་ཀྱི་རིག་གཞུང་དང་།
ཆོས་ལུགས། རིགས་རུས། འདོད་རྔམ། ད་དུང་དེ་དག་བར་གྱི་རྙོག་ཟིང་བཅས་དང་བྲལ་བ་ཞིག་ཀྱང་མིན།
འདི་དག་ཐམས་ཅད་སྤྱི་ཚོགས་རེད་ལ་ཁྱོད་ཀྱང་དེའི་ཆ་ཤས་ཤིག་ཡིན། དེར་བརྟེན། སྤྱི་ཚོགས་དང་བྲལ་བའི
“ཁྱོད” ཟེར་བ་ཞིག་མེད།
སྤྱི་ཚོགས་ཀྱིས་ནམ་རྒྱུན་གཞོན་སྐྱེས་ཚོའི་བསམ་བློ་ལ་སྟངས་འཛིན་དང་།
གཞོག་གཏུབ། བཟོ་ལྟ་བཟོ་བའི་འབད་རྩོལ་བྱེད། དེ་ཡང་ཁྱོད་སྐྱེས་མ་ཐག་ནས་བཟུང་། ཕ་མས་ཁྱོད་ལ་ཅི་ཞིག་སྒྲུབ་དགོས་མིན་དང་།
གང་ལ་དད་མོས་བྱེད་དགོས་མིན། དཀོན་ཅོག(God)ཡོད་མེད། རྒྱལ་ཁབ་དང་དེའི་སྲིད་དབང་སྒེར་གཅོད་པ་ནི་ལུང་སྟོན་པ་པོའམ་ལྷའི་ཕོ་ཉ་ཡིན་ཚུལ་བཅས་ཀྱི་སྐོར་བཤད་དེ།
རྒྱུད་ལ་བག་ཆགས་གསོག་པའི་འགོ་རྩོམ་པར་བྱེད།
བྱིས་དུས་ནས་བཟུང་། དོན་བྱ་འདི་དག་ཁྱོད་ཀྱི་སེམས་སུ་ལྡུག་གིན་ཡོད།
ལས་འདི་དག་ལ་བརྟེན་ནས། གཉོམ་དུང་དུང་དང་། སེམས་འགུལ་ཐེབས་སླ་བ། ཐེ་ཚོམ་ཅན། མཚར་འཛིན་དང་འཚོལ་རྟོག་ལྡན་པ་བཅས་ཀྱི་ཁྱོད་ཀྱི་བསམ་བློ་དེ་རིམ་གྱིས་ཕྱི་འཐུམ་ནང་འཐུམ་དང་ཚོད་འཛིན་གཞོག་གཏུབ་བྱེད་པར་བརྟེན།
རང་ཉིད་སྤྱི་ཚོགས་བྱེ་བྲག་པ་ཞིག་གི་སྒྲོམ་གཞི་ལ་འཇུག་པར་བྱས་ཏེ་གསར་བརྗེ་བ་ཞིག་ཏུ་འགྱུར་བར་གེགས་བྱེད།
སྒྲོམ་དུ་ཚུད་པའི་བསམ་བློའི་གོམས་གཤིས་དེ་རྒྱུད་ལ་ཡོངས་སུ་འཇགས་ཚར་རྗེས།
གསར་བརྗེའི་ལས་སུ་ཞུགས་ཀྱང་རུང་། སྔར་བཞིན་ཁྱོད་རང་སྒྲོམ་དུ་ཚུད་པའི་བསམ་བློའི་གོམས་པ་དེ་ལས་ཐར་མི་ཐུབ།
འདི་ནི་བཙོན་མ་ཞིག་གིས་བཙོན་ཁང་དུ་སྡོད་ས་དང་ཟ་མའི་ཆེད་དུ་ངོ་རྒོལ་བྱེད་པ་དང་ཀུན་ནས་མཚུངས།
འོན་ཀྱང་། ཁོ་རང་སྔར་བཞིན་བཙོན་ཁང་གི་ར་བ་ལས་ཐར་ཐུབ་མེད།
ཁྱོད་ཀྱིས་དཀོན་ཅོག་འཚོལ་བ་དང་། ཡང་ན་ཡང་དག་པའི་སྲིད་གཞུང་ཞིག་འཚོལ་སྐབས།
སྤྱི་ཚོགས་ཀྱི་སྒྲོམ་གཞི་དེ་ལས་ཐར་མེད། སྒྲོམ་གཞི་དེ་རུ། “འདི་ནི་འགྲིག་དང་དེ་ནི་ནོར།
འདི་ནི་ལེགས་དང་དེ་ནི་ཉེས། འདི་ནི་དབུ་ཁྲིད་ཡང་དག་པ་ཞིག་དང་། དེ་ནི་དྲང་སྲོང་ཞིག་རེད།”
ཅེས་བཀོད་ཡོད། དེར་བརྟེན། ཁྱོད་ཀྱི་གསར་བརྗེ་ནི། འདོད་རྔམ་དང་རིག་རྒོད་ཚོས་བསླངས་པའི་གསར་བརྗེ་དང་འདྲ་བར་འདས་སོང་གི་ཚོད་འཛིན་ཐེབས་ཡོད།
དེ་ནི་རྒྱབ་གཏོད་མིན་ལ་གསར་བརྗེ་ཡང་མ་རེད། དེ་ནི་སྤྱི་ཚོགས་ཀྱི་སྒྲོམ་གཞི་དེའི་ནང་རོལ་ནས་བརྩམས་པའི་ཧུར་སྐྱེད་ཀྱི་ལས་དོན་ཙམ་ཞིག་དང་།
ཞུམ་མེད་ཀྱི་འཐབ་རྩོད་ཙམ་ཞིག་རེད། རྒྱབ་གཏོད་ངོ་མ་དང་གསར་བརྗེ་ངོ་མ་ནི། སྤྱི་ཚོགས་ཀྱི་སྒྲོམ་གཞིའམ་རྙིང་ཧྲུལ་དུ་གྱུར་བའི་ལམ་སྲོལ་དེ་གཏོར་ནས།
དེ་ལས་རིང་དུ་བརྒལ་ཏེ་འཚོལ་ཞིབ་བྱེད་པ་འདི་ཡིན།
ཁྱོད་ཀྱིས་ཤེས་གསལ་ལྟར། གསར་བརྗེ་བ་ཀུན་གྱིས་སེམས་ཁུར་བྱེད་ས་ཉག་ཅིག་ནི།
བཙོན་ཁང་ནང་རོལ་གྱི་ཆ་རྐྱེན་ཇེ་བཟང་དུ་གཏོང་རྒྱུ་དེ་རེད། ཁོ་ཚོ་སུ་དང་སུ་ཡིན་མིན་གནད་འགག་ཅིག་མ་རེད།
ཡིན་ན་ཡང་། ཁོ་ཚོས་ཁྱོད་ལ་རུང་བསྟུན་གྱི་ལས་སུ་འཇུག་པར་མི་བྱ་བའི་སྐོར་གཏན་ནས་མི་བརྗོད་པར་མ་ཟད།
“སྲོལ་རྒྱུན་དང་དབང་གྲགས་ཀྱི་མཁར་གྱང་དེ་གཏོར་ནས། བསམ་བློ་སྡོམ་པར་བྱེད་པའི་ཚོད་འཛིན་གྱི་ར་བ་ལས་ཐར་བར་བྱེད།”
ཅེས་ཀྱང་མི་བཤད།
སློབ་གསོ་ངོ་མ་ནི། བསམ་བློ་བཀག་བསྐྱིལ་བྱེད་སའི་བཙོན་ཁང་འདིའི་མཁར་གྱང་རྟོགས་པར་གྲོགས་བྱེད་པ་དེ་ཡིན་པ་ལས།
ཡིག་རྒྱུགས་འཕྲོད་དགོས་པ་དང་། ཡང་ན་ཅི་ཞིག་སྦྱངས་པ་རྣམས་ཡིག་ཐོག་ཏུ་འབེབ་པར་བྱེད་པ་བཅས་ཁོ་ན་མིན།
སྤྱི་ཚོགས་ཀྱིས་ང་ཚོ་ཀུན་ལ་ཤུགས་རྐྱེན་ཐེབས་པར་བྱེད་ཅིང་། དེ་ཡིས་མཚམས་ཚུགས་མེད་པར་ང་ཚོའི་བསམ་བློ་ལ་བཟོ་ལྟ་བཟོ་བར་བྱེད།
ཕྱི་ནས་བྱུང་བའི་སྤྱི་ཚོགས་ཀྱི་གནོན་ཤུགས་འདི་རིམ་གྱིས་ནང་བསམ་བློའི་སྟེང་གི་གནོན་ཤུགས་སུ་གྱུར་འགྲོ།
འོན་ཀྱང་། དེ་སེམས་ཀྱི་གཏིང་སར་ཇི་ལྟར་འཛུལ་ཡང་། དེ་འབྱུང་ས་སྔར་བཞིན་ཕྱི་རོལ་ཡིན་སྟབས།
ཚོད་འཛིན་གྱི་རྣམ་པ་འདི་མ་གཏོར་བར་དུ་ནང་སེམས་ཀྱི་ཆོས་དག་མི་འབྱུང་།
ཁྱོད་ཀྱིས་ངེས་པར་དུ་རང་གིས་བསམ་བློ་ཅི་ཞིག་གཏོང་གིན་ཡོད་པ་ཤེས་དགོས་པར་མ་ཟད།
རང་ཉིད་གང་ལ་གཏོགས་པའི་ཆོས་ལུགས་ཏེ། ཧིན་རྡུ་བ་དང་། ཁ་ཆེ་བ། ཡེ་ཤུ་བ་གང་ཞིག་ཡིན་པའི་ཆ་ནས་བསམ་བློ་གཏོང་གིན་ཡོད་མེད་ཀྱང་ཤེས་དགོས།
ད་དུང་ཁྱོད་ཀྱིས་ངེས་པར་རང་གིས་གང་ཞིག་ལ་དད་མི་དད་ཀྱི་སྐོར་ཡང་ཤེས་དགོས། འདི་དག་ནི་སྤྱི་ཚོགས་ཀྱི་སྒྲོམ་གཞིའམ་འགྲོ་ལུགས་འགྲོ་སྟངས་རེད།
གལ་ཏེ་ཁྱོད་ཀྱིས་སྤྱི་ཚོགས་ཀྱི་སྒྲོམ་གཞི་དེ་ཤེས་པར་བྱས་ཏེ་འགས་གཏོར་མ་བྱས་ཚེ། རང་ཉིད་རང་དབང་ལྡན་པ་ཞིག་ཏུ་འདོད་ཀྱང་སྔར་བཞིན་བཙོན་པ་ཞིག་ཡིན།
ཡིན་ན་ཡང་། ང་ཚོ་ཕལ་མོ་ཆེས་བཙོན་ཁང་ནང་གི་གསར་བརྗེ་ལ་དོ་ཁུར་བྱེད།
དེ་ཡང་བཙོན་ཁང་དུ་ཟས་གང་ཞིམ་དང། དཀར་གསལ་དོད་པོ།
སྔོ་སང་སང་གི་ནམ་མཁའ་མཐོང་ཆེད་དུ་སྒེའུ་ཁུང་ཆེན་པོ་བཅས་ཡོད་ན་འདོད། ང་ཚོས་རིགས་དམན་པ་རྣམས་ལྷ་ཁང་དུ་འགྲོ་ཆོག་མིན་གྱི་ཐད་ལ་སེམས་ཁུར་བྱེད།
ང་ཚོས་རིགས་དམན་པ་འདི་མེད་པར་བཟོ་འདོད་པ་དང་། ལས་དེའི་ཁྲོད་ནས་དེ་ལས་མཐོ་བའི་རིགས་གཞན་ཞིག་བཟོ་ན་འདོད།
དེར་བརྟེན། ང་ཚོ་བཙོན་པ་རུ་གནས་ཤིང་བཙོན་ཁང་དུ་རང་དབང་མེད།
རང་དབང་ནི་མཁར་གྱང་དང་སྤྱི་ཚོགས་ཀྱི་སྒྲོམ་གཞིའི་ཕྱི་རོལ་ན་ཡོད།
འོན་ཀྱང་། སྒྲོམ་གཞི་དེ་ལས་ཐར་དགོས་ན། ཁྱོད་ཀྱིས་དེའི་དོན་དག་ཧྲིལ་བོ་ཤེས་དགོས་ལ། རང་སེམས་རང་གིས་རྟོགས་པར་བྱེད་དགོས།
བསམ་བློ་ཡིས་ད་ལྟའི་དཔལ་ཡོན་དང་། སྲོལ་རྒྱུན་ལ་བསྟུན་པའི་རིག་གནས་དང་སྤྱི་ཚོགས་བཅས་བསྐྲུན་ཡོད།
གལ་ཏེ་རང་སེམས་རང་གིས་མ་རྟོགས་པའི་སྒོ་ནས། དམར་ཤོག་པ་དང་། སྤྱི་ཚོགས་རིང་ལུགས་པ། ཡང་ན་ཅི་ཞིག་དང་གང་ཞིག་ཡིན་པའི་ཆ་ནས་གསར་བརྗེ་ལ་ཞུགས་ན།
དེ་ལ་དོན་སྙིང་ཕྲ་ཙམ་ལས་མེད།
དེར་བརྟེན། རང་རྟོགས་ཀྱི་ནུས་པ་ལྡན་དགོས་པ་དང་། རང་གི་བྱ་སྤྱོད་དང་།
བསམ་བློ། སེམས་ཚོར་བཅས་ཤེས་པར་བྱེད་པ་ནི་ཧ་ཅང་གལ་ཆེ། འདི་ནི་སློབ་གསོ་མ་ཡིན་ནམ། ཅིའི་ཕྱིར་ཞེ་ན།
རང་ཉིད་ཡོངས་སུ་རྟོགས་དུས། བློ་ཤིན་ཏུ་སྐྱེན་པོ་དང་གཟོབ་པོར་འགྱུར་བས་ཡིན།
ཁྱོད་ཀྱིས་དེའི་ཐད་ལ་བསམ་བློ་གཏོང་དགོས། དེ་ཡང་ཁ་ཐག་རིང་བའི་མ་འོངས་པ་མིན་པར་སང་ཉིན་དང་དེ་རིང་ཕྱི་དྲོ་ནས་མགོ་རྩོམ་དགོས།
གལ་ཏེ་ཁྱིམ་དུ་མི་ཚོགས་ཀྱི་འཚང་ཁ་ཆེ་ན། ཁེར་རྐྱང་དུ་ཕྱི་ལོགས་སུ་ཐོན་ཏེ། ལྗོན་པའི་འོག་དང་གཙང་བོའི་འགྲམ་ནས་ཁ་ཁུ་སིམ་པོས་རང་སེམས་ཀྱི་རྩོལ་བ་བྱེད་ཚུལ་ལ་ལྟ་རྟོག་དང་མེལ་ཚེ་བྱོས།
“འདི་འགྲིག་དང་དེ་ནོར་འདུག” ཅེས་བཤད་དེ། དེར་བཟོ་བཅོས་མ་བྱེད། ཡིན་ན་ཡང་གློག་བརྙན་ལ་ལྟ་བ་ལྟར་དེར་ལྟ་རྟོག་དང་མེལ་ཚེ་ཙམ་ཞིག་བྱོས།
གློག་བརྙན་ལ་ལྟ་དུས། ཁྱོད་གློག་བརྙན་ནང་གི་འཁྲབ་སྟོན་པ་མིན་ལ།
ཁྱོད་ནི་ལྟད་མོ་བ་ཙམ་ཞིག་ཡིན། འདི་དང་གཅིག་མཚུངས་ཀྱིས། རང་སེམས་ཀྱི་རྩོལ་བ་བྱེད་ཚུལ་ལ་ལྟ་རྟོག་དང་མེལ་ཚེ་བྱོས།
དེ་ནི་གློག་བརྙན་ལ་ལྟ་བ་ལས་ཀྱང་སྤྲོ་བ་འཕེལ་བ་ཞིག་ཡིན། རྒྱུ་མཚན། རང་སེམས་ནི་འཇིག་རྟེན་ཡོངས་ཀྱི་ཤུལ་རྫས་ཡིན་ཞིང་།
དེར་འགྲོ་བ་མི་ཡོངས་ཀྱིས་མྱངས་པའི་ཆོས་དངོས་ཀུན་པོ་འཛོམས་པ་ཡིན། ཁྱོད་ཀྱིས་ཤེས་སམ།
རང་སེམས་ནི་འགྲོ་བ་མིའི་རིགས་ཡོངས་ཡིན་ལ། དེ་ལྟར་དུ་ངེས་ཤེས་འབྱུང་སྐབས། རྒྱུད་ལ་བྱམས་བརྩེ་ཆེན་པོ་ལྡན་ངེས།
གོ་རྟོགས་འདིའི་ཁྲོད་ནས་ད་གཟོད་རླབས་ཆེན་གྱི་བརྩེ་བ་འབྱུང་། དེ་ནས་ཁྱོད་ཀྱིས་ཡིད་དུ་འོང་བའི་བྱ་དངོས་མཐོང་སྐབས།
མཛེས་པ་ནི་ཅི་ཞིག་ཡིན་པ་ཤེས་རྒྱུ་རེད།
*རུང་བསྟུན། conform
*རྒྱབ་གཏོད། revolt