བོད་མི་ཞིག་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་མིང་འོག་ཁྲིམས་ཐག་བཅད་འདུག

དྲ་ལམ་དུ་༧གོང་ས་མཆོག་གི་གསུང་བཤད་རྒྱུད་སྤེལ་དང་བཙན་བྱོལ་བོད་གཞུང་གི་ལས་བྱེད་མི་སྣར་ལོ་གསར་འཚམས་འདྲི་བྱས་པར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་གཅིག་གི་ཁྲིམས་ཐག་བཅད་འདུག

ཕྱི་ཟླ ༡༢ ཚེས་ ༢༣ ཉིན། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་ཚུལ་སྤེལ་བཞིན་པ་ཝེ་ཆན་(Weiquan)དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་ནས་ཡིན་པ། བོད་རིགས་འབྲོག་པ་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་སྟེང་༧གོང་ས་མཆོག་གི་བཀའ་སློབ་དང་། བོད་རང་བཙན་གྱི་བརྗོད་བྱ་ཡིན་པའི་པར་རིས་དང་ཡི་གེར་སྤེལ་བར་རྐྱེན་བྱས་ཏེ། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་སྐོར་གྱི་ཉེས་མིང་འོག་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

 

དེ་འབྲེལ་གནས་ཚུལ་ནང་། བོད་རིགས་འབྲོག་མི་ལྷུན་གྲུབ་རྡོ་རྗེ་ལགས་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་བཀག་ཉར་འོག་བཞག་སྟེ། ཚེས་ ༢༣ ཉིན་འཛིན་བཟུང་བྱེད་ཆོག་པའི་ཆོག་མཆན་ལྟར་འཛིན་བཟུང་བྱས་ཡོད་པ་དང་། ཁོང་འཛིན་བཟུང་བྱེད་དོན་གཙོ་བོ་ཁོང་གིས་ཕྱི་ལོ་ ༢༠༡༩ ལོ་ནས་ ༢༠༢༠ བར་དུ་ཐེངས་ཁ་ཤས་ལ། སྒེར་གྱི་སྤྱི་ཚོགས་དྲ་ལམ་ཐོག་༧གོང་ས་མཆོག་གི་པར་རིས་དང་བརྙན་ཐུང་རྒྱུད་སྤེལ་དང་། བཙན་བྱོལ་བོད་གཞུང་གི་ལས་བྱེད་མི་སྣར་ལོ་གསར་འཚམས་འདྲིའི་ཤིས་ཚིག་སྤེལ་བ་སོགས་ཀྱིས་ཡིན་སྐོར་བཀོད་འདུག  

 

ཡང་གནས་ཚུལ་ནང་། ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་མགོ་ལོག་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་ལྷུན་འགྲུབ་རྡོ་རྗེ་ལགས་ཀྱི་བྱས་ཉེས་ཁག་གཞིར་བཟུང་། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་མིང་འོག་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་དང་། ལོ་གཅིག་གི་ཆབ་སྲིད་ཐོབ་ཐང་འཕྲོག་ཡོད་པ་དང་། ལྷུན་གྲུབ་རྡོ་རྗེ་ལགས་ནས་ཁྲིམས་ཐག་བཅད་པ་དེར་ངོས་ལེན་དང་བསྐྱར་དུ་ཞུ་གཏུག་བྱ་རྒྱུ་མིན་སྐོར་ངོས་ལེན་བྱས་ཡོད་སྐོར་བརྗོད་འདུག

 

ཐེངས་འདིར་རྒྱ་ནག་གཞུང་གིས་ཁོང་ལ་ཉེས་འཛུགས་བྱེད་དོན་གཙོ་བོ་དེ།  ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༥ ཉིན་ཁོང་གིས་ཝེ་པོ་དྲ་ལམ་ཐོག་ཐོག་བཙན་བྱོལ་བོད་གཞུང་གི་ལས་བྱེད་མི་སྣ་ཚོར། ལོ་གསར་བའི་འཚམས་འདྲིའི་པར་རིས་དང་ཡི་གེ་ཁ་ཤས་སྤེལ་བ་དེ་དང་། ཉིན་དེར་ཁོང་གིས་སྐད་འཕྲིན་གྲོགས་ཚོམས་སུ་སྐར་ཆ་ ༡༠ ཅན་གྱི་༧གོང་ས་མཆོག་གི་ལོ་སར་ཤིས་ཚིག་གི་བརྙན་ཐུང་རྒྱུད་སྐུལ་བྱས་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༡ ཉིན། བོད་ཁུལ་གྱི་ཚོར་བ་རྣོ་བའི་དུས་སྐབས་སུ་ཝེ་པོ་ཐོག་ཏུ་བོད་རང་བཙན་གྱི་བརྗོད་བྱ་ཡིན་པའི་པར་རིས་དང་ཡི་གེ་བརྒྱུད་སྤེལ་དང་། ཕྱི་ཟླ་ ༥ ཚེས་ ༣ ཉིན་ཁོས་༧གོང་ས་མཆོག་ལ་བསྟོད་པ་དང་སྨོན་ཚིག་གི་བརྗོད་བྱ་དང་མཉམ་དུ། ༧གོང་ས་མཆོག་གི་ཆུང་དུས་ཀྱི་པར་ཞིག་སྤེལ་བ་སོགས་ཀྱིས་ཡིན་པ་དང་། ཁོང་གི་སྤེལ་བའི་གནས་ཚུལ་དེར་ཝེ་པོ་དྲ་ལམ་ནས་ལྟ་བཤེར་བྱེད་མཁན་མི་གྲངས་ ༢༣༨༣ ལྷག་བྱུང་ཡོད་འདུག

 
འབྲོག་མི་ལྷུན་གྲུབ་རྡོ་རྗེ་ལགས་ནི་ཕྱི་ལོ་ ༡༩༩༠ ལོའི་ཟླ་ ༨ ཚེས་ ༧ ཉིན་སྐྱེས་པ་དང་། འཛིན་བཟུང་མ་བྱས་སྔོན་འབྲོག་མི་དཀྱུས་མ་ཞིག་གི་འཚོ་བར་རོལ་ནས་བསྡད་ཡོད་འདུག


བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post