རྫ་ཚེ་རིང་བཀྲིས། གལ་གནད་རྩོམ་ཡིག
བདུན་ཕྲག་སྔོན་མའི་གཟའ་ཉི་མར་གུས་པ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་བྱས་པའི ༼ དམ་ཆོས་འཆད་སྤེལ་གནང་ཐབས་ཀྱི་ཟབ་སྦྱོང་༽ཟབ་སྦྱོང་གི་ལས་རིམ་ལ་མཉམ་ཞུགས་བྱས། ཟབ་སྦྱོང་འདི་ནི་རྣམ་པ་གསར་པ་ཞིག་རེད། ཟབ་སྦྱོང་འདི་རྩ་བའི་ཆ་ནས་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དང་ཞིབ་འཇུག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཉེ་སྔོན་དྲ་ལམ་ཚོགས་འདུ་གཞན་ཞིག་འཚོགས་པའི་སྐབས་ཀྱི་གྲོས་གཞི་དང་ཡང་འབྲེལ་བ་ཡོད།
ཟབ་སྦྱོང་དེར་ཆེད་མཁས་པ་དང་མཁས་པ་དུ་མ་དམིགས་བསལ་གདན་ཞུས་ཀྱིས་གཏམ་བཤད་དང་ཟབ་ཁྲིད་གནང་ཡོད་ལ།
༧མཁྱེན་བརྩེ་རིན་པོ་ཆེས་ཀྱང་ལམ་སྟོན་གྱི་གསུང་བཤད་རྒྱས་པ་ཞིག་གནང་སོང་། ང་ཚོ་མང་ཆེ་བ་དྲ་ཐོག་ནས་མཉམ་ཞུགས་བྱས་པ་ལས་ཡུལ་ངོས་(现场)རང་དུ་མེད་ན་ཡང་།
ཐེངས་འདིའི་བརྗོད་གཞི་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱས་ཡོད།
བརྗོད་གཞི་ཡང་མཐར་གཏུགས་ན། ནང་ཆོས་འདི་ཉིད་ཇི་ལྟར་བྱས་ནས་ཁྲོམ་རའི་བློ་ཁ་དང་འཚམས་པའི་སྒོ་ནས་སྤེལ་རྒྱུ་ཞེས་པ་དེ་རེད།
སྐབས་དེར་ཚོགས་ཐོག་ཏུ་གཙོ་ཆེར་དབྱིན་ཡིག་ཚིག་marketམར་ཁེ་ཊི་ཞེས་པ་དེ་ཁྲོམ་ར་(市场 )དང་གཉེར་འཚོང་(经销) ཕྱིར་ཚོང་(销售) སོགས་ཀྱི་གོ་དོན་ཅུང་ཟད་མི་འདྲ་བའི་སྐབས་བསྟུན་གྱི་གོ་བ་ལེན་སྟངས་ལའང་གྲོས་བསྡུར་བྱུང་ཡོད་མོད།
གཙོ་བོ་ནང་བསྟན་གྱི་ཁྲོམ་ར་ཞེས་པ་གནས་སྐབས་ཀྱི་འབབ་ས་ཡིན་པར་ངོས་འཛིན་ཆོག་པ་ལྟ་བུ་བྱུང་ཡོད།
ད་དུང་༧རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས། ཁྲོམ་རའི་ལམ་ལུགས་ཀྱི་ནང་ཆོས་འཆད་སྤེལ་གནང་སྟངས་ནི་ཧ་ཅང་གཡོལ་དུ་མེད་པ་དང་དུས་ལ་བབས་པ་ཞིག་ཡིན་པར་མ་ཟད།
རྨོང་དད་ཆ་མང་ཤོས་ཡིན་པའི་ཁ་ཆེ་དང་ཡེ་ཤུ་བས་ཚད་མཐོན་པས་ཁྲོམ་རའི་རིག་པ་བརྒྱུད་ནས་སོ་སོའི་ཆོས་ལུགས་འདི་འཛམ་གླིང་གི་རྩེ་དྲ་ཞིག་ལྟར་ཁྱབ་སྤེལ་བྱས་ཡོད་པ་དང་།
རང་རེ་ནང་ཆོས་འདི་རྒྱུ་མཚན་གྱི་ཆ་ནས་རིགས་པ་དང་ལྡན་ཤོས། དུས་རབས་དང་མཐུན་ཤོས་ཡིན་ན་ཡང་རྨོང་དད་ཀྱི་ཆོས་ལུགས་ལྟར་སྤྱི་ཚོགས་ཀྱི་ཟུར་ནས་གྲངས་ཉུང་ཅན་དུ་ཕྱོགས་བཞིན་ཡོད་ཚུལ་གྱི་སྐོར་ལའང་དགོངས་ཚུལ་གསུངས་སོང་བར་མ་ཟད་རིན་པོ་ཆེས།
ནང་བསྟན་ཁྲོམ་རའི་བསམ་ཚུལ་འདི་ཆོས་དང་མཐུན་པའི་ཐོག་ནས་ལག་ལེན་བསྟར་སྟངས་ཀྱི་ཕྱོགས་ནས་འགྲེལ་བཤད་གནད་ལ་ཁེལ་བ་གནང་སོང་།
(རིན་པོ་ཆེས་གང་གསུངས་པ་དག་རྒྱས་པར་མཁྱེན་འདོད་ཡོད་ན་ཁོང་གི་བཀའ་སློབ་སྒྲ་འཇུག་དང་ཡོངས་བསྒྲགས་བྱས་འདུག་པ་དེར་གསན་འོས།
)
དེ་ལྟར་ན་ཡང་། མཁྱེན་བརྩེ་རིན་པོ་ཆེས། ཁོང་གི་དགོངས་པ་བཞེས་སྟངས་འདིའང་ནང་ཆོས་ཀྱི་ལྟ་གྲུབ་བདེན་བཞི་དང་། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་སོགས་ལ་འགྱུར་བ་གཏོང་བའི་དོན་དག་མ་ཡིན་པར། ལྟ་གྲུབ་དེ་ཉིད་གཞན་ལ་སྤེལ་སྐབས་ཕ་རོལ་པོས་དང་ལེན་ཐུབ་པའི་ཐབས་ལམ་ཞིག་བྱེད་སྤྱོད་དགོས་པ་དང་། དེ་ལ་ཅི་དགའ་གང་དྲག་གི་གྲོས་བསྡུས་བྱ་བ་ཙམ་ཞིག་ཡིན་པ་ཁ་གསལ་གཏོད་ནས་གསུངས་སོང་། དེ་ནི་མཐར་གཏུགས་ན་ཕ་རོལ་པོའི་དགོས་མཁོ་དང་སེམས་ཁམས་ལ་བསྟུན་ནས་དམ་ཆོས་འཆད་སྤེལ་བྱེད་པ་དེ་རེད། ད་དུང་རིན་པོ་ཆེས། སངས་རྒྱས་ཀྱིས་ཀྱང་མཁྱེན་པ་རྒྱུ་མཚན་དུ་བྱས་ནས་ཆོས་མ་གསུངས་པར་སྙིང་རྗེ་རྒྱུ་མཚན་དུ་བྱས་ནས་ཆོས་གསུངས་པ་རེད་ལ། དེའི་རྒྱུ་མཚན་ཡང་གདུལ་བྱའི་ཁམས་དབང་མོས་པ་དང་དགོས་མཁོ་རྒྱུ་མཚན་དུ་བྱས་པའི་དོན་རེད་ཅེས་གསུངས་སོང་།
འོན་ཀྱང་ཚོགས་འདུའི་བསྐོར་གྱི་ནང་དོན་རྒྱས་པ་འདིར་གླེང་རྩིས་མེད།
འདིར་ངས་ཁྱེད་རྣམ་པ་ཚོར་གོང་གི་བརྗོད་གཞི་དང་འབྲེལ་བ་ཡོད་པའི་དྲ་ཐོག་གི་གཏམ་རྒྱུད་སྙིང་རྗེ་མོ་ཞིག་བོད་སྒྱུར་གྱིས་མཉམ་སྤྱོད་ཞུ་གི་ཡིན།
ཐད་ཀར་བལྟས་ན་འདི་ནི་ཚོང་ལས་དང་འབྲེལ་བའི་བསམ་བློ་གཏོང་སྟངས་རང་ཞིག་ཡིན་ན་ཡང་། དོན་གྱི་ཆ་ནས་གོང་གསལ་གྱི་བརྗོད་གཞི་དང་ཡང་ཧ་ཅང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད།
གཏམ་རྒྱུད་འདིའི་མིང་ལ་༼གང་འདྲ་བྱས་ནས་གྲྭ་པ་ལ་སོ་མང་(梳子)ཕྱིར་འཚོང་བྱེད་ཐུབ་བམ༽ཞེས་བཏགས་འདུག དེ་ཡང་ཚོང་དཔོན་ཞིག་གིས་རང་འོག་གི་ལས་བྱེད་པ་ལྔ་ལ་རེ་རེ་བྱས་ནས་ཁོ་ཚོ་དགོན་པའི་ནང་དུ་སོང་ནས་གྲྭ་པ་ལ་སོ་མང་ཕྱིར་འཚོང་ཐུབ་པ་ཞིག་བྱེད་དགོས་པའི་ལས་ཀ་མངགས་པའི་སྐོར་རེད།
དེའི་ནང་ནས་ལས་མི་དང་པོ་དེ་ཕར་སོ་སོའི་ནང་དུ་ལོག་ནས་ཆང་རྒྱག་ཚད་ཅིག་འཐུང་རྗེས་བསམ་བློ་གང་འདྲ་བཏང་ཡང་གྲྭ་པ་ལ་སོ་མང་བཙོང་སྟངས་མ་ཤེས་པས་གཉིད་ནས་བསྡད་པ་རེད།
དེ་ནས་ཕྱི་ཉིན་ཕྱིར་ལས་ཁུངས་ལ་ཡོང་ནས་མགོ་ཁྲིད་པར། གྲྭ་པ་ལ་སྐྲ་གཏན་ནས་མེད་ན་སོ་མང་ག་ལ་ཉོ།
ངས་བཙོང་ཐུབ་ཐབས་གཏན་ནས་མི་འདུག །ཅེས་བཤད་པ་ན་མགོ་ཁྲིད་དེ་ཁོ་ལ་བལྟས་ནས་འཛུམ་ཙམ་བྱས་པ་རེད།
དེ་ནས་ལས་མི་གཉིས་པ་དེ་དགོན་པར་ཕྱིན་ནས་གྲྭ་པ་དེ་ལ། སྐུ་མཁྱེན། སོ་མང་ཞིག་ཉོ་རོགས་ཞེས་ལབ་པ་རེད།
གྲྭ་པས་ང་ལ་སོ་མང་གིས་དགོས་མཁོ་མེད། ཅེས་ལན་བཏབ་པ་དང་། མི་དེས་ཡང་བསྐྱར་གྲྭ་པར་ཞུ་བ་འཐེན་ནས།
གལ་ཏེ་སོ་མང་མ་ཚོང་ན་ངའི་ལས་ཀ་ཤོར་གྱི་རེད། ཅེས་བཤད། གྲྭ་པ་དེས་ཁོའི་སྐད་ཆ་གོ་བ་དང་ཁོ་ལ་སྙིང་རྗེ་བལྟས་ནས་སོ་མང་གཅིག་ཉོས་པ་རེད།
དེ་ནས་ལས་མི་གསུམ་པ་དེ་གྲྭ་པ་དེའི་སར་སོང་ནས་ཡང་གྲྭ་པ་དེ་ལ།
ཉིན་རྟག་པར་ཁྱེད་ཀྱི་དགོན་པའི་ནང་དུ་དད་ལྡན་པ་མང་པོ་ཡོང་གིན་ཡོད་པ་ངས་ཤེས་ཀྱི་ཡོད།
མ་གཞི་ནས་དགོན་པར་མཆོད་མཇལ་ཞུ་བ་ལ་སེམས་ལ་དད་པ་རྣམ་པར་དག་པ་དང་། ཀུན་སྤྱོད་དང་བ་འདྲེན་པ་ཞིག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་མ་རེད་དམ།
མཆོད་མཇལ་ཞུ་སར་ཡོང་མཁན་དེ་ཚོ་ཚང་མ་དད་པ་རྣམ་པར་དག་པ་བྱེད་མཁན་དང་། ས་ཆ་ཐག་རིང་པོ་ནས་ཡོང་མཁན་རྐྱང་རྐྱང་ཡིན་ཙང་།
གལ་ཏེ་དགོན་པའི་ནང་དུ་སོ་མང་འགའ་རེ་བཙོང་རྒྱུ་ཡོད་ན་ཁོང་ཚོས་སྐྲ་ཡག་པོ་ཤད་ནས་མཆོད་མཇལ་ཞུ་ཐུབ་ཀྱི་རེད།
དེ་ནི་སངས་རྒྱས་ལ་གུས་ཞབས་ཞུས་པ་ཞིག་ཀྱང་མ་རེད་དམ། ཞེས་ལབ་པས་གྲྭ་པ་དེས་ཀྱང་ཁྱོད་ཀྱི་སྐད་ཆར་ཧ་ཅང་རྒྱུ་མཚན་འདུག་ཟེར་ནས་སོ་མང་བཅུ་ཐམ་པ་ཉོས་པ་རེད།
དེ་ནས་མི་བཞི་པ་དེ་ཡོང་ནས་ཡང་གྲྭ་པ་དེ་ལ། གལ་ཏེ་ཁྱེད་ཀྱི་དགོན་པ་རང་གི་ངོས་ནས་སོ་མང་འགའ་རེ་ཉོས་ནས་དེ་མཆོད་མཇལ་ལ་ཡོང་མཁན་ཚོར་ལག་རྟགས་སུ་གནང་ན།
དེ་ལ་དངོས་ཡོད་ཀྱི་ཕན་ཐོགས་ཡོད་པ་དང་། དོན་སྙིང་ལྡན་པ་ཞིག་ཀྱང་རེད། དེ་འདྲ་བྱས་ན་དགོན་པའི་ཡོང་སྒོ་ཡང་ཧ་ཅང་ཇེ་ལེགས་སུ་འགྲོ་ངེས་རེད།
ཅེས་བཤད་པ་ན། གྲྭ་པ་དེས་བསམ་བློ་ཅུང་ཟད་ཅིག་བཏང་ནས་ཁོའི་ས་ནས་སྐྲ་ཤད་བརྒྱ་ཐམ་པ་ཉོས་པ་རེད།
དེ་ནས་ལས་མི་ལྔ་པ་དེ་གྲྭ་པའི་གམ་དུ་ཡོང་ནས་གྲྭ་པ་དེར། བླ་མ་ལགས།
ཁྱེད་ནི་རྟོགས་པོ་མཐོན་པོར་ཕེབས་པ་ཞིག་རེད་འདུག །མ་ཟད་ཁྱེད་ཀྱི་པིར་བྲིས་(书法)ཀྱི་ཡིག་གཟུགས་འབྲི་བའི་ཕྱག་རྩལ་ཡང་ཧ་ཅང་ཕུལ་དུ་བྱུང་བ་རེད་འདུག
།གལ་ཏེ་ཁྱེད་ཀྱིས་སྐྲ་ཤད་ཀྱི་ཐོག་ཏུ་བསོད་ནམས་གསོག་པ་དང་། ནད་མེད་པ། བདེ་སྐྱིད་ལྡན་པ་སོགས་དང་འབྲེལ་བའི་ཤིས་སྨོན་གྱི་ཡི་གེ་གང་རུང་རེ་བྲིས་ནས་སྦྱིན་བདག་དང་མཆོད་མཇལ་བ་ཚོར་གནང་ན་དེ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་ཡོང་ངེས་རེད།
དེ་ནི་སངས་རྒྱས་ཀྱི་བསྟན་པ་དང་པིར་བྲིས་གྱི་རིག་གནས་གཉིས་ཀ་མཉམ་དུ་དར་སྤེལ་བཏང་བཞིག་མ་རེད་དམ།
ཞེས་སྨྲས་པས། གྲྭ་པ་དེས་དེ་མ་ཐག་ཧ་ཅང་བདེན་པར་གོ་ནས་སོ་མང་གཅིག་སྟོང་མཉམ་དུ་ཉོས་པ་རེད།
ཅེས་བྲིས་འདུག
ད་དུང་གཏམ་རྒྱུད་དེའི་མཇུག་ཏུ། ཕྱིར་འཚོང་སེམས་ཁམས་རིག་པའི་(销售心理学)དབང་དུ་བཏང་ན།
འཇིག་རྟེན་གྱི་ཁམས་ན་ཕྱིར་འཚོང་ཞེས་པ་ཞིག་ཐོག་མ་ནས་ཡོད་པ་ཞིག་མ་ཡིན་པར། གང་ཟག་མ་འདྲ་བར་དགོས་མཁོ་མ་འདྲ་བ་ཡོད་པ་བསྐོང་བའི་ཆེད་ཁོ་ནའི་དབང་གིས་ཕྱིར་ཚོང་ཞེས་པ་དེ་ཡོང་བ་ཞིག་རེད།
དེས་ན་ཁྲོམ་ར་དང་འཛད་སྤྱོད་པའི་དགོས་མཁོ་མང་པོ་ཞིག་ནི་སྐབས་མང་པོ་ཞིག་ལ་ཕར་བལྟས་ནས་མཐོང་ཐུབ་པ་ཞིག་གཏན་ནས་མིན།
ཞེས་དང་།
མདོར་ན། གང་འདྲ་བྱས་ནས་ཕྱིར་འཚོང་(market销售)་ཡག་པོ་ཞིག་བྱེད་ཅེས་པ་ནི། གང་འདྲ་བྱས་ནས་ཚོང་མགྲོན་(客户)གྱི་སེམས་ཁམས་ལ་རྒྱུས་ལོན་ཡག་པོ་ཞིག་ཡོང་བ་བྱེད་པའི་ཆ་རྐྱེན་གྱི་ཐོག་ནས།
ཚོང་མགྲོན་དག་གི་སྦས་ཐབས་ཀྱི་དགོས་མཁོ་(隐形需求) གསར་གཏོད་བྱེད་པ་དེ་ཁོ་ན་ལ་རག་ལས་པ་ཞིག་སྟེ།དེ་འདྲ་བྱུང་ནོར་ལོངས་སྤྱོད་དེ་ལས་མང་བ་གསོག་ཐུབ་ཅེས་བཤད་འདུག་གོ
ཀུན་སློང་ཡང་དག་པ་དང་། ཆོས་ཀྱི་ནང་དོན་ལོག་འགྲེལ་མ་བྱས་པའི་ཆ་རྐྱེན་གྱི་ཐོག་ནས་ཆོས་འཆད་པའི་ཚུལ་ནི།
ངེས་པར་དུ་དུས་དང་མཐུན་པ་དང་། གདུལ་བྱའམ་ཁྲོམ་རའི་དགོས་མཁོ་དང་སེམས་ཁམས་ལ་རན་པ་ཞིག་གི་ཐོག་ནས་འགྲོ་དགོས་པ་འདི་བརྒྱ་ཆ་བརྒྱ་རེད་འདུག་སྟེ།
ནམ་རྒྱུན་ང་ཚོས་སྐྱོར་བཞིན་པའི། སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར།
།ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ཞེས་པ་འདིས་ཀྱང་སྐད་ཆ་འདི་བཤད་ཀྱི་ཡོད་པ་རེད།
དེས་ན་ང་ཚོས་ཀྱང་ད་ནས་གཞོན་སྐྱེས་དག་གི་སེམས་ཁམས་དང་། དཀའ་ངལ་ཅན་གྱི་མིའི་སྤྱི་ཚོགས་ཀྱི་དགོས་མཁོ།
མི་རིགས་དང་རིག་གཞུང་གི་རྒྱབ་ལྗོངས་གཏན་ནས་མི་འདྲ་བ་དག་གི་སེམས་ཁམས་དང་འཚོ་བའི་ཁྲོད་ཀྱི་ནང་ཆོས་ཀྱི་དགོས་མཁོ་སོགས་ལ་ཞིབ་ཏུ་བརྟགས་ནས་དམ་པའི་ཆོས་འཆད་སྤེལ་ཤེས་པ་ཞིག་གི་ཕྱོགས་ལ་བསམ་བློ་འཁོར་འགོ་ཚུགས་དགོས་པ་འདི་ཧ་ཅང་གལ་ཆེ་སྟེ།
ནང་ཚོས་ཆོས་གང་བཤད་ཀྱང་། རང་ཉིད་ཀྱིས་གང་བཤད་ཤེས་པ་དེ་ཨང་དང་པོར་མི་འཇོག་པར། གཞན་པ་དེས་གང་ཞིག་གོ་ཐུབ་ཀྱི་འདུག་པ་དང་།
གཞན་གང་ཞིག་འཚམས་པོ་ཡོད་པའི་ཕྱོགས་ལ་བསམ་བློ་མང་བ་གཏོང་དགོས་པ་ལྟར། གོང་གི་གཏམ་རྒྱུད་འདིས་ཀྱང་གནས་ལུགས་འདི་འཆད་ཀྱིན་ཡོད་པ་རེད།
ལར་ནས་བོད་ལས་གཞན་པའི་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་མཁན་གྱི་ནང་ཆོས་འཆད་སྤེལ་གནང་མཁན་དག་ལ་མཚོན་ན།
གནད་དོན་འདི་དེ་བས་ཀྱང་གཏིང་ཟབ་པོས་ཚོར་གྱི་ཡོད་པ་རེད།
ཡིན་ན་ཡང་། འདི་དག་ནི་ནང་ཆོས་ཀྱི་གདུལ་བྱར་གཏོགས་པའམ། གདུལ་བྱར་རུང་བ་དག་ཆོས་ལ་འཇུག་པའི་སྒོར་གནས་སྐབས་བེད་སྤྱོད་གཏོང་སྟངས་ཀྱི་ཕྱོགས་ནས་ཡིན་པ་ལས།
སྲོལ་རྒྱུན་གྱི་འཆད་ཉན་སྒོམ་སྒྲུབ་ཀྱི་འགྲོ་སྟངས་ཀྱི་ཚབ་བྱེད་དགོས་པའི་དོན་གཏན་ནས་མ་རེད།
འདིའང་མཁྱེན་པ་གནང་དགོས། དེ་བཞིན་བརྗོད་གཞི་འདི་དང་འབྲེལ་བའི་ཐ་སྙད་དང་ལག་ལེན་མང་པོ་ཞིག་དེང་དུས་ཀྱི་བརྡ་ཆད་དང་ལག་ལེན་གྱི་ཁྱབ་ཁོངས་སུ་ལག་བསྟར་ཡོང་རྒྱུར་ལས་དོན་གྱི་འགོ་ཚུགས་ཙམ་ཡིན་པས་ཚང་མས་འདིར་དོ་སྣང་དང་འབྲེལ་བགྲོ་གླེང་གི་ཆ་ཤས་ལེན་པ་ནི་ལས་གཞི་འདི་ཉིད་ལ་ཕན་ཐོགས་ཡོད་པའི་མཉམ་ཞུགས་ཤིག་ཡིན་ངེས།
རྫོགས་སོ། །
སྤྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༡༥ ཉིན། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཞིབ་འཇུག་ཚོགས་པའི་ལས་དོན་གྱི་ཆ་ཤས་སུ་གཏོགས་ཤིང་།
༧སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེའི་དགོངས་གཞིའང་ཡིན་པའི་ལས་དོན་འདི་ཉིད་ཀྱི་ཞབས་ཏོག་ཏུ་སྨན་པའི་རམ་འདེགས་ཙམ་དུ་དམིགས་ནས་འཕྲལ་བྲིས།