བོད་དོན་ཁྲིམས་འཆར་གཏན་འབེབ་བྱས་པར་རྒྱ་ནག་གིས་ཡ་ལན་སློག་གི་ཡིན་ཟེར།

རྒྱ་ནག་གཞུང་གིས་ཨ་རིའི་བོད་དོན་ཁྲིམས་འཆར་གཏན་འབེབ་རྒྱབ་ཀྱི་ནུས་པ་འདོན་མཁན་མི་སྣ་ཚོ་རྒྱ་ནག་ནང་འགྲོ་སྐྱོད་ལ་བཀག་འགོག་བྱ་རྒྱུ་ཡིན་ཟེར།

ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན། ཨ་རིའི་གྲོས་ཚོགས་ནང་ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་རྒྱབ་སྐྱོར་སྲིད་བྱུས་ཁྲིམས་འཆར་གཏན་འབེབ་བྱས་པར། རྒྱ་ནག་གཞུང་གིས་ནམ་རྒྱུན་ལྟར་ཁྲིམས་འཆར་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་དང་། གནད་དོན་དེས་ཨ་རྒྱའི་འབྲེལ་ལམ་ཐད་གནོད་སྐྱོན་ཚབ་ཆེན་བཟོ་གཞིར་གྱུར་ཡོད་པས། རྒྱ་ནག་ཕྱོགས་ནས་ཨ་རིའི་བོད་དོན་སྐོར་གྱི་ཁྲིམས་འཆར་དེའི་རྒྱབ་ལོགས་སུ་ནུས་པ་འདོན་མཁན་མི་སྣ་ཡོངས་དང་། ཁོང་ཚོའི་ནང་མི་དག་རྒྱ་ནག་ནང་འགྲོ་སྐྱོད་ཐད་བཀག་རྒྱ་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག

 

དེ་འབྲེལ་གནད་དོན་ཐད་རྒྱ་ནག་དམར་ཤོག་ཚོགས་པའི་ཕྱི་སྲིད་མགྲིན་ཚབ་པ་ཝང་ཝན་པན(Wang Wenbin)ཟེར་བས། རྒྱ་ནག་ཕྱོགས་ནས་ཨ་རིའི་བོད་དོན་སྐོར་གྱི་ཁྲིམས་འཆར་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཏུ་ངོས་འཛིན་དང་ངོ་རྒོལ་ཡོད་ལ། བོད་དང་ཐའེ་ཝན། ཧོང་ཀོང་སོགས་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་དང་མངའ་ཁོངས་བདག་དབང་ཆགས་ཡོད་པས། ང་ཚོས་ཕྱིའི་རྒྱལ་ཁབ་སུ་གཅིག་ལ་རྒྱ་ནག་གི་མངའ་ཁོངས་བདག་དབང་དང་ནང་སྲིད་ལ་ཐེ་བྱུས་བྱེད་བཅུག་རྒྱུ་མིན་སྐོར་བརྗོད་འདུག

 

ཡང་ཁོས་མུ་མཐུད་གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གཞུང་གིས་བོད་དོན་ཁྲིམས་འཆར་ལ་ཤུགས་སྣོན་བྱེད་མཁན། ཨ་རིའི་མགོ་འཁྲིད་ཚོ་དང་ཁོང་ཚོའི་ནང་མི་ཚོ་རྒྱ་ནག་ནང་འགྲོ་སྐྱོད་ཐད་བཀག་འགོག་བྱ་རྒྱུ་ཡིན་ལ། ང་ཚོས་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས་ཁྲིམས་འཆར་དེ་དངོས་སུ་ཨ་རིའི་ཁྲིམས་སུ་བཟོ་རྒྱུའི་ས་རྟགས་མི་སྐྱོན་རྒྱུར་རེ་བ་བྱེད་བཞིན་ཡོད་སྐོར་དང་། ཁྲིམས་འཆར་དེ་དངོས་སུ་ཁྲིམས་སུ་བཟོས་པ་ཡིན་ན་ཨ་རྒྱའི་འབྲེལ་བར་གནོད་སྐྱོན་ཆེན་པོ་ཐེབས་རྒྱུ་ཡིན་སྐོར་སོགས་བཤད་ཡོད་པ་དང་། ད་ལྟའི་ཆར་རྒྱ་ནག་གིས་འགྲོ་སྐྱོད་བཀག་འགོག་བྱ་རྒྱུའི་མི་སྣ་དེ་དག་སུ་ཡིན་དང་། མི་ག་ཚོད་ཡོད་སོགས་གསལ་ཁ་གང་ཡང་མེད་འདུག


ཐེངས་འདིར་ཨ་རིའི་གྲོས་ཚོགས་ནས་གཏན་འབེབ་བྱས་པའི་བོད་དོན་ཁྲིམས་འཆར་དེའི་བརྗོད་དོན་གཙོ་བོ། རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་ཀྱི་བླ་སྤྲུལ་ཚོའི་ཡང་སྲིད་འདེམས་ཕྱོགས་ལ་ཐེ་གཏོགས་བྱས་མི་ཆོག་པ། བོད་མིའི་སྒྲིག་འཛུགས་དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་བྱ་རྒྱུ་དང་། བོད་རྒྱ་འབྲེལ་མོལ་ཡོང་ཐབས་དང་བོད་མིའི་སྒྲིག་འཛུགས་དང་བོད་ཕྱི་ནང་གཉིས་ལ་དཔལ་འབྱོར་རོགས་དངུལ་གྱི་སྔོན་རྩིས་གཏན་འབེབས་གནང་བ། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་འཛུགས་མ་བཅུག་པར་ཨ་རིར་རྒྱ་ནག་གི་གཞུང་ཚབ་གསར་པ་འཛུགས་མི་ཆོག་པ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཤུགས་སྣོན་བྱ་རྒྱུ་སོགས་ཡིན་འདུག

 

དེ་འབྲེལ་གནས་ཚུལ་སྐོར་ལ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཐེངས་འདིའི་ཁྲིམས་འཆར་དེ་ནི། ཉེ་བའི་ལོ་ངོ་ ༢༠ ནང་ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་ལོ་རྒྱུས་ལྡན་པའི་རྒྱབ་སྐྱོར་ཁྲིམས་འཆར་ཞིག་གཏན་འབེབ་གནང་བ་ཡིན་སྐོར་གསུངས་ཡོད་པ་རེད།  

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post