གློག་བརྙན་དབུགས་སྒང་སྟོན་མགོ་ཚུགས་འདུག

གཙོ་འཁྲབ་པ། སྦྱིན་པ།

ཕྱི་ཚེས་ ༢༠ ཉིན་ནས་བཟུང་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་དབུགས་སྒང་རྒྱ་ནག་ནང་སྟོན་མགོ་ཚུགས་ཡོད་པ་དང་། དེ་ནི་དབུགས་སྒང་གློག་བརྙན་ཕབ་སྐྲུན་ཚར་བ་ནས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་ལས། མི་མང་ཁྲོད་དངོས་སུ་སྟོན་པ་ཐོག་དང་པོ་ཆགས་ཡོད་འདུག


གློག་བརྙན་འདིའི་སྐོར་ལ་པདྨ་ཚེ་བརྟན་ལགས་ནས། དབུགས་སྒང་གློག་བརྙན་ནི་ཁོ་བོས་ཆེས་སྤྱིར་བཏང་གི་བོད་ཁྱིམ་ཕལ་བའི་འཚོ་བའི་ཁྲོད་ཕྲད་ཀྱིན་པའི་དཀའ་གནད་དང་། སྐྱེ་འཆི། འཁོར་བ། རྣམ་ཤེས། དད་མོས་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་ཐོག  བུད་མེད་ཀྱི་འཚོ་བ་གཞིར་བྱས་ཏེ། སྐྱེས་འཕེལ་གྱི་ཐོབ་དབང་དང་བུད་མེད་ཀྱི་སད་རྟོགས། དེ་མིན་དད་མོས་དང་ནང་སེམས་ཀྱི་རེ་ལྟོས་བར་གྱི་འགལ་ཟླ་སོགས་ང་ཚོས་དངོས་མཐོང་ལག་ཟིན་གྱི་ཟ་ཟུར་མང་པོ་མཚོན་པར་བྱས་ཡོད་སྐོར་བརྗོད་འདུག

འཁྲབ་འཁྲིད་པ་པདྨ་ཚེ་བརྟན། 

དབུགས་ནི་པདྨ་ཚེ་བརྟན་ལགས་ཀྱིས་བོད་ཀྱི་བུད་མེད་བརྗོད་བྱ་བྱས་ཏེ་བཟོ་སྐྲུན་བྱས་པའི་གློག་བརྙན་ཐོག་མ་ཡིན་པ་དང་། གློག་བརྙན་གྱི་ནང་དོན་གཙོ་བོ་བོད་ཀྱི་ཁྱིམ་བདག་མ་ཕལ་བ་ཞིག་གི་མཐོང་ཚོར་སྤྱད་ནས་གསར་རྩོམ་བྱས་པའི་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་སུ་ཆགས་ཡོད་པ་མ་ཟད། བོད་ཁྱིམ་ཕལ་བའི་དད་མོས་དང་འཇིག་རྟེན་པའི་འཚོ་བའི་སྒྲིག་གཞིའི་འགལ་ཟླ་སོགས་མཚོན་པར་བྱས་ཡོད་པ་དང་། གློག་བརྙན་བརྩམས་ཆོས་དེ་ནི་པདྨ་ཚེ་བརྟན་ལགས་ཀྱི་བརྩམས་ཆོས་སྔ་མ་ཁག་དང་བསྡུར་ན་གཏམ་རྒྱུད་གོ་བདེ་ལ། སྒྲིག་གཞི་ལྷོད་ཡངས་པ། དངོས་ཡོད་དང་ཡིད་འགུག་པའི་རྨི་ལམ། འཁྲུལ་སྣང་བཅས་ཁྱད་ཆོས་མངོན་གསལ་ཡོད་འདུག

གཙོ་འཁྲབ་པ། གཡང་ཕྱུག་མཚོ་དང་བསོད་ནམས་དབང་མོ།

གློག་བརྙན་གྱི་གཙོ་འཁྲབ་པ་གསུམ་ནི་འཁྲབ་སྟོན་པ་སྦྱིན་པ་དང་། བསོད་ནམས་དབང་མོ་གཡང་ཕྱུག་འཚོ་བཅས་པ་ཡིན་པ་དང་། གློག་བརྙན་འདི་ནི་པདྨ་ཚེ་བརྟན་ལགས་ཀྱི་གཏམ་རྒྱུད་གློག་བརྙན་བདུན་པ་དེ་ཡིན་པ་དང་། གློག་བརྙན་དེ་པེ་ཅིན་ཧྲིན་ཐང་དུས་རབས་རིག་གནས་བརྒྱུད་སྒྲོག་ཁང་དང་། ཐེན་ཅིན་གློག་བརྙན་ལས་རིགས་ཁང་། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཁང་བཅས་ཀྱིས་མཉམ་འབྲེལ་བཟོ་སྐྲུན་བྱས་ཡོད་འདུག

 

གློག་བརྙན་དབུགས་སྒང་ལ་ད་བར་རྒྱལ་སྤྱིའི་སྟེང་ཕྱི་ལོ་ ༢༠༡༥ ལོའི་སྐབས་བཅུ་པའི་ཧོང་ཀོང་ཡ་གླིང་གློག་བརྙན་དངུལ་གཏོང་ཚོགས་འདུའི་སྟེང་། རྒྱལ་ཁབ་ ༡༥ ལྷག་གི་གློག་བརྙན་ ༣༢ འདེམས་ཐོན་བྱུང་བའི་ཁྲོད་རྒྱལ་བྱ་དགའ་ཐོབ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༤ ལོར་རྒྱལ་སྤྱིའི་རྒྱ་གར་གྱི་གློག་བརྙན་དུས་སྟོན་སྐབས་ ༥༠ པའི་སྟེང་། གློག་བརྙན་ལ་དཔྱད་འདེམས་པའི་གཟེངས་རྟགས་ཐོབ་བཅས་ཐོབ་ཡོད་འདུག

 

 

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post