ལྷ་སྡེ་གནམ་ལོ་ཡག
བོན་གཞུང་དུ“རང་ངོ་རང་གིས་ཤེས་པར་བྱིན་གྱིས་བརློབས”དང་བན་གཞུང་དུ“རང་ཉིད་རང་གི་མགོན་ཡིན”ཞེས་གསུངས་ཡོད་ལ།
བཤད་སྟངས་དེ་གཉིས་ལོ་ངོ་བརྒྱ་ཕྲག་མང་བོར་གཞུང་ལུགས་ཀྱི་མཐོ་ས་ནས་བརྒྱུད་འཛིན་གནང་ནས་ཡོང་ཡོད་པ་ཞིག་རེད།
སྤྱིར་ཆོས་ལུགས་ཀྱི་ངོས་ཐད་ནས་བཤད་ན། སྐྱེ་བ་ཕྱི་མ་གཙོ་བོར་བཟུང་ནས་བརྗོད་ཀྱི་ཡོད་མོད།
འཇིག་རྟེན་པའི་ཐད་ནས་ཀྱང་དངོས་ཡོད་འཚོ་བ་དང་འགྲོས་མཐུན་པའི་གོ་བ་ཞིག་ལེན་མ་ཆོག་པའང་མེད་པ་འདྲ།
དེ་ནི་བྱ་བ་ཆེ་མ་ཆུང་གསུམ་གང་བསྒྲུབ་ཀྱང་དགོས་ངེས་མཐུན་རྐྱེན་གཞིར་བཞག་གིས་གཙོ་བོ་རང་ཉིད་ལ་རག་ལས་ཡོད་པར་གོ་དགོས་ཀྱི་ཡོད་ལ།
འགྲུབ་དང་མི་འགྲུབ། ལེགས་དང་མི་ལེགས། བཟང་དང་ངན་གང་གི་ཁ་ཕྱོགས་སུ་འགྲོ་རྒྱུའི་ཐག་གཅོད་ལས་པ་པོ་རང་ཉིད་ལ་རག་ལས་ཡོད་པ་ལས་གཞན་གྱིས་ཐབས་ལམ་ཙམ་མ་གཏོགས་མཁོ་སྤྲོད་བྱེད་ཐུབ་ཀྱི་མེད་པའི་དངོས་དོན་བསྟན་ཡོད།
དེ་བས། རང་ཉིད་ལ་རག་ལས་ཡོད་ཅེས་པའི་སྐད་ཆ་འདི་བཤད་སླ་ནའང་། བསྒྲུབ་དཀའ་བའི་གནད་དོན་ཆེན་པོ་ཞིག་ཡིན་པས།
ཐོག་མར“རང་ཚུགས”ཞེས་པའི་མིང་ཚིག་འདི་ནས་འགོ་བཙུགས་ཏེ་གླེང་དགོས་ཀྱི་ཡོད་པར་སྙམ།
“རང་ཚུགས”ཞེས་གླེང་མ་ཐག་མི་མང་པོ་ཞིག་གིས“ཨུ་ཚུགས”དང“རང་ཚུགས”གཉིས་ལ་གོ་ནོར་ཐེབས་པའི་ཉེན་ཁ་མེད་པའང་མིན།
ནམ་རྒྱུན་གྱི་འཚོ་བའི་ནང་ཐད་ཆོད་བྱེད་པ་དང་རང་ལྟ་མཆོག་འཛིན་བྱེད་པ། གནས་ལུགས་རྣ་བའི་ལྟག་རྒྱབ་ཙམ་ལའང་མི་འགྲོ་མཁན།
མ་ཤེས་བཞིན་དུ་གཞན་ལ་མི་འདྲི་བར་རང་གིས་ཐད་གཅོད་བྱེད་པ་སོགས་ཀྱིས་མཚོན་པའི་ཨུ་ཚུགས་ཀྱི་སྣང་ཚུལ་སྣ་མ་སྣ་ཚོགས་ཤིག་ལུ་གུ་རྒྱུད་ལ་བསྟར་བ་ལྟར་གནས་ཡོད་པས།
མང་ཆེ་བ་དེ་ལ་གོ་ནོར་ཐེབས་ནས་བསྡད་ཡོད་པ་ཞིག་ཀྱང་ཡིན། དོན་དངོས་སུ“རང་ཚུགས”ནི་གཞན་ལ་ཉན་ཞིང་ཟེར་རྗེས་མི་འབྲངས་པ།
སློབ་སྦྱོང་ཁྲོད་ནས་དོགས་འདྲི་འཚོལ་ཞིང་དོགས་སེམས་སེལ་བ། ལྟ་རྒྱ་མཐོང་རྒྱ་བསྐྱེད་ནས་ཉམས་མྱོང་ཟུར་ལྟར་ལེན་མཁས་བྱེད་པ།
གནད་དོན་གང་ལའང་བློ་རྐྱེན་ཞིང་ཁ་མི་སྔ་བ་གཙོས“ཕན་ཚུན་གཉིས་ཀར་རྒྱུས་ཡོད་ན། ཐེངས་བརྒྱར་འཐབ་ཀྱང་ཕམ་ཁ་མེད”ཅེས་པའི་བློ་གདེངས་སམ་རང་རློམ་ལྡན་མཁན་ཞིག་ལ“རང་ཚུགས”ཞེས་འབོད་ཆོག་གི་ཡོད་ལ།
དེང་སྐབས་འདི་ལ“མི་བུ་སྒལ་ཚིགས་ཅན”ཞེས་འབྲི་བཞིན་པ་དེ་ཡིན།
འོ་ན། མི་བུ་རང་ཚུགས་ཅན་ཞིག་ཇི་ལྟར་བསྐྱེད་བསྲིངས་བྱེད་དགོས་སམ་ཞེ་ན།
ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པའི་ནང་དུ་མི་ཞིག་སྐྱེ་བ་ནས་བྱིས་པའི་དུས། ན་ཆུང་གི་དུས།
གཞོན་ནུའི་དུས། ན་གཞོན་གྱི་དུས་ཏེ་དུས་མཚམས་བཞི་དང་དུས་མཚམས་རེར་ལོ ༢ནས ༦། ༡༢ནས ༡༥།
༡༥ནས ༢༠བཅས་སུ་དབྱེ་བགོས་བྱས་ཡོད་ཅིང་། སླ་བ་ནས་དཀའ་བ། ཉུང་བ་ནས་མང་བ། སྣ་གཅིག་ནས་སྣ་མང་ཅན་གྱི་འཚར་ལོངས་སམ་སློབ་ཁྲིད་ཀྱི་གོ་རིམ་ཞིག་བརྒྱུད་དགོས་པར་བསྟན་ཡོད་པས།
“རང་ཚུགས”བསྐྱེད་བསྲིངས་བྱེད་པར་དུས་མཚམས་བཞི་འདི་བཞིན་རྒྱུད་སྐུད་ལ་བཟུང་ནས་དབྱེ་ཞིབ་བྱེད་དགོས་པར་སྣང་།
བྱིས་པའི་ལུས་སེམས་འཚར་ལོངས་ཀྱི་ཁྱད་ཆོས་གཙོར་བཟུང་ནས་གོང་དུ་བསྟན་པའི་དུས་མཚམས་བཞིའི་ནང་དུ་སློབ་སྦྱོང་སྤྲོད་དགོས་ཀྱི་ཡོད་ཅིང་།
དུས་མཚམས་དེ་དག་རེ་རེ་བཞིན་གཤམ་གསལ།
ནུབ་ཕྱོགས་པས་དུས་མཚམས་འདི་བྱིས་པ་བཙས་པ་ནས་ལོ ༢བར་ལ་བཤད་ཀྱིན་པ་དང་། དུས་སྐབས་འདི་ནི་བྱིས་པའམ་ཕྲུ་གུ་ཐ་གཅིག་ཏུ་ཕ་མའམ་གཞན་ལ་བརྟེན་ནས་འཚོ་བཞིན་ཡོད་པས། ནུས་པ་མེད་པའི་གནས་རིམ་ཞིག་ཏུ་གནས་ཤིང་། ཕོ་བ་ལྟོགས་པའམ། སྙོལ་སྟངས་མ་འགྲིག་པ། གཅིན་སྐྱག་ཤོར་བའི་སྐབས་སུ་ངུ་སྐད་ཁོ་ན་ལས་རྒྱག་ཤེས་ཀྱི་མེད། ཡིན་ནའང་། གཟུགས་པོའི་སྐྱེ་སྟོབས་ཤེས་པའི་འཚར་ལོངས་ལས་མགྱོགས་ཤིང་། ཤེས་པ་ད་དུང་ཚོར་བའི་རིམ་པ་ན་གནས་ཡོད་པར་བཤད།
བྱིས་པའི་གཟུགས་གཞིར་དུས་རྒྱུན་སྟབས་བདེའི་ལུས་སྦྱོང་ངམ། འཕུར་མཉེད་བྱས་ཚེ་ལུས་པོའི་བདེ་ཐང་དང་གཟུགས་པོའི་དར་འཕེལ་ལ་ཕན་ཐོགས་པ་དང་བདེ་ཐང་ནི་རྣམ་དཔྱོད་ཀྱི་རྨང་གཞི་ཡིན་སྟབས། རྣ་ལམ་དུ་གླུ་དབྱངས་ལེན་པའམ་གཏོང་བ། བྱིས་སྒྲུང་ཀློག་པའམ་གོ་བདེ་སྙན་ཚིག་གྱེར་བ། མིག་ལམ་དུ་རི་མོ་ལ་སོགས་པའི་ཅ་ལག་སྟོན་པ་དང་རེག་ཏུ་འཇོག་པ་སོགས་བྱས་ན་ཚོར་བའི་རིམ་པ་ནས་ངོས་འཛིན་གྱི་རྨང་གཞི་བརྟན་པོ་ཞིག་བསྐྲུན་ཐུབ་པར་བཤད། དེའི་རྐྱེན་གྱིས་ངོས་འཛིན་གྱི་རྨང་གཞི་འདི“རང་ཚུགས”བསྐྱེད་བསྲིངས་ཀྱི་གོམ་པ་དང་པོར་བལྟ་ཆོག་པར་འདོད། དཔེར་ན། ནམ་རྒྱུན་དོ་སྣང་ཆེར་བྱས་མེད་པ་མ་གཏོགས“ལོ་ལོ་མ་ངུ་གཉིད་ལ་སྡོད། གནམ་གྱི་སྐར་མ་བཏོགས་ནས་སྟེར”ལྟ་བུ་ནི། བྱིས་པའམ་ཕྲུ་གུ་བསམ་ཕོད་པ་དང་རང་བྱུང་ཁམས་ཆེན་པོར་འཚོལ་སྙེག་བྱེད་ཐུབ་མཁན་ཞིག་ཏུ་བསྐུལ་འདེད་ཀྱི་སློབ་གསོ་འགོ་ཚུགས་ཟིན་པ་མཚོན་ཡོད།
དུས་མཚམས་འདི་ལོ ༢ནས ༡༢བར་ལ་བཤད་ཀྱི་ཡོད་པས། སྐད་ཆ་བཤད་པའི་ནུས་པ་དང་འགྲོ་བསྐྱོད་ཀྱི་ནུས་པ། རོ་དང་རེག་བྱ་འབྱེད་པའི་ནུས་པ་སོགས་ལྡན་ཡོད་ནའང་། དབྱེ་ཞིབ་དང་ཡིད་འཛིན་གྱི་ནུས་པ་དམའ་རིམ་དུ་ལྷག་ཡོད་པ་དང་། ད་དུང་རང་ལྟ་གྲུབ་མེད་པས། “རང་ཚུགས་གཉིད་ལ་ཡུར་བའི་དུས་སྐབས” སུ་བཤད་ཆོག་པར་མ་ཟད། ནུབ་ཕྱོགས་སུ་དུས་མཚམས་འདིར་སློབ་མར་ངོས་འཛིན་རིམ་པའི་སློབ་གསོ་སྤེལ་བ་ལས་ཤེས་བྱ་རང་བཞིན་ཅན་དང་བདེན་དོན་རང་བཞིན་ཅན་ལྟ་བུའི་གོ་དཀའ་བའི་རིགས་སློབ་ཁྲིད་བྱེད་ཀྱི་མེད་ཅིང་། མཚར་སྣང་རང་བཞིན་ལྡན་པའི་སྤྲོ་བ་ནོར་འཁྲུལ་གྱི་འོག་ཏུ་འཆོར་དུ་མི་འཇོག་པ་དང་། ལད་མོར་དགའ་བའི་གཤིས་ཀར་ནག་ནོག་གི་དྲི་མས་མ་གོས་པར་བྱེད་རྒྱུ་གཙོར་འཛིན་བྱས་འདུག དུས་རིམ་འདིར་ངེས་པར་དུ་ཤེས་དགོས་པ་ནི་བྱིས་པ་རེ་རེ་ཡི་ཡིད་འཛིན་གྱི་ནུས་པ་དང་བསམ་གཞིགས་ཀྱི་ནུས་པར་ཧེ་བག་གམ་མ་འདྲ་བ་ཡོད་པ་དེ་ཡིན་ཞིང་། གང་ལ་གང་འཚམས་དེ་ལ་དེར་སྟོན་པའི་ཕྱོགས་སུ་འབད་པ་བྱེད་འོས། གཤམ་གསལ་གྱི་པར་རིས་སྟེང་གི་བྱིས་པ A B C ལྟར་གོ་བ་ལེན་དགོས།
བོད་ཀྱི་སྲོལ་རྒྱུན་སྤྱི་དང་སྒོས་སུ་འབྲོག་པས་བྱིས་པ་གཉོར་སྐྱོང་བྱེད་སྟངས་ཀྱི་ཆ་ནས་བཤད་ན། དུས་མཚམས་འདིར་བྱིས་པའམ་ཕྲུག་གུར་མེ་ཏོག་བཏོག་མི་རུང་བའི་གནས་ལུགས་གཟུགས་མི་སྐྱེས་པ་དང་། ཆུ་ལ་རྙོག་མ་བཟོ་མི་རུང་བའི་རྒྱུ་མཚན་ཀླུས་གནོད་པ་ཐེབས་ཚུལ། ས་བརྐོ་རྡོ་བསྔོག་བྱེད་མི་ཆོག་པའི་ཡང་སྙིང་གཞི་བདག་གིས་གནོད་པ་བྱེད་པ། ནངས་རྩམ་ཟ་མི་ཆོག་པའི་ལྟེ་བ་དགྲ་ལྷ་མི་འཁོར་བ། བྱ་བྱེའུ་དང་འབའ་འབུའི་རིགས་གསོད་མི་འོས་པའི་སྔོན་འགྲོ་ནི་དེ་དག་གིས་ཨ་མས་རང་ཉིད་ཀྱི་ཨ་མར་གནོད་པ་བྱེད་ཚུལ་ལ་སོགས་པའི་སྟབས་བདེའི་ལམ་ནས་བུ་ཕྲུག་ཚོར་རང་བྱུང་ཁམས་ཆེན་པོར་གུས་བརྩི་ཡོང་བའི་ལམ་ཁར་བསྐུལ་འདེད་བྱས་ཡོད་པས། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཐུན་མོང་མ་ཡིན་པ་ཞིག་བསྐྲུན་ཐུབ་ཡོད། འོན་ཀྱང་། བག་ཆགས་འདི་དག་གི་དབང་གིས་ཕྱིས་སུ་གནས་ལུགས་འཚོལ་ཞིབ་དང་ལས་རིགས་གང་ལའང་འཇུག་སྤྲོ་བའི་སྤོབས་པའི་ཐད་བཀག་རྒྱའང་གང་འཚམས་ཡོད་པས། “རང་ཚུགས”འཐུས་ཚང་ཞིག་ཡོང་བར་'འགོག་རྐྱེན་ཐེབས་ཀྱིན་པའང་གསལ་བོ་རེད་ལ། མཐའ་ལ་མ་ལྷུང་བའི་ཡོ་བསྲང་དང་སྙིགས་དོར་བཅུད་ལེན་གྱི་ཐབས་ལམ་སྤྱད་ནས་རང་ཚུགས་བསྐྱེད་བསྲིངས་སྒང་བབས་ཚེ། སྔ་ན་མེད་པའི་གྲུབ་འབྲས་ཤིག་ལེན་མི་ཐུབ་པའི་ངེས་པའང་མེད།
༣ གཞོན་ནུའི་དུས།
དུས་མཚམས་འདི་ལོ ༡༢ནས ༡༥བར་ལ་ངོས་འཛིན་བྱེད་ཀྱི་ཡོད། ལྟོས་བཅོས་ཀྱི་ལམ་ནས་བཤད་ན། རང་མགོ་རང་ཐོན་གྱི་ལམ་ཁ་ཞིག་ལ་གོམ་ཁ་བསྒྱུར་ཡོད། ཕྱི་ལུས་ཕུང་གི་འཚར་ལོངས་དང་ནང་བསམ་པའི་དགོས་མཁོར་ངོས་འཛིན་ཡོད་པའི་འཕེལ་རྒྱས་ཀྱི་རྩེར་སོན་ཡོད་པའི་ཁར། རང་ཚུགས་སད་འགོ་ཚུགས་ཡོད་ཅིང་། ཚོར་ཤེས་ཀྱི་ནུས་པ་ལྡན་པ་དང་དབྱེ་ཞིབ་ཀྱི་ནུས་པའང་ལྡན་ཡོད། མིག་ཁའི་བྱ་དངོས་ལ་རྟོག་ཞིབ་བྱེད་ཐུབ་པ་དང་། མ་འོངས་པར་བློས་བསླངས་ཀྱང་བྱེད་ཐུབ་ཀྱི་ཡོད་པས། ཤེས་པས་ཤེས་བྱ་ཤེས་འདུན་གྱི་བསམ་བློའང་སྨིན་ཡོད། དེ་བས། གཞོན་ནུ་དག་གི་འགྲོ་སྟངས་འདུག་སྟངས། བཤད་སྟངས་དང་ལས་སྟངས་བཅས་ལ་དབྱེ་ཞིབ་གཙོར་འདོན་གྱིས་དགའ་ཕྱོགས་ཐད་བསྐུལ་འདེད་བྱེད་རྒྱུ་གལ་ཆེན་དུ་གྱུར་ཡོད་པ་དང་། དགེ་རྒན་ཚོས་གཞོན་ནུ་དང་གཞོན་ནུ་མ་རྣམས་ཀྱི་བློ་ཁ་དང་འཚམས་པའི་སློབ་ཁྲིད་བྱེད་རྒྱུ་སྟེ། གཙོ་བོ་ཁོ་ཚོ་རང་ཉིད་ལ་བརྗོད་བྱ་རེ་རེ་བཞིན་དབྱེ་ཞིབ་རགས་མོ་བྱེད་ཐུབ་པའི་ནུས་པ་ལྡན་པའི་ལམ་ཁར་བསྐུལ་འདེད་བྱེད་དགོས་པར་བསྟན་ཡོད། དཔེར་ན། སློབ་སྐབས་གཅིག་ལ་སློབ་ཚན་བཅུ་གཉིས་ཡོད་པར་ཆ་བཞག་ན། སློབ་མ་རེ་རེ་ཡིས་སློབ་ཚན་རེ་རེའི་ནང་དུ་གསར་བ་གང་ཞིག་སྦྱངས་ཐུབ་སོང་བ་དང་དཀའ་ངལ་གང་ཞིག་མཐོང་བ། མ་འོངས་པར་གདེངས་ཚོད་གང་ཐད་བརྙེད་པ་གསུམ་ལ་བསམ་བློར་བཀག་རྒྱ་མ་སྤྲད་པར་གང་ཞིག་ཡིད་ལ་འཁོར་བ་དེ་ལྟར་ལས་བྱར་འབྲི་རུ་འཇུག་གིན་ཡོད།
བོད་ཀྱི་གཏམ་དཔེར། “མོ་ལོ་ལྔ་གསུམ་བཅོ་ལྔ་ལོན་ན། བྲོ་མ་ལས་མི་སློང་། ཕོ་ལོ་དྲུག་གསུམ་བཅོ་བརྒྱད་བརྒལ་ན། བློ་ཕ་ལ་མི་འདྲི”ཞེས་བསྐུལ་འདེད་རང་བཞིན་ལྡན་པའི་སློབ་གསོ་ཐུན་མོང་མ་ཡིན་པ་ཞིག་ལག་བསྟར་གནང་ཡོད་ཅིང་། གྲུབ་འབྲས་ཀྱང་གང་ལ་གང་འཚམས་རེ་ལེན་ཐུབ་ཡོད་པར་གདོན་མི་ཟ་བ་ཞིག་རེད། འོན་ཀྱང་། ལོ་ཟླའི་འཁོར་བསྐྱོད་ཁྲོད་ནས་སློབ་གསོའི་སྣང་ཚུལ་འདི་བུ་མོ་ཞིག་ཡིན་ན་ལོ་བཅོ་ལྔ་བརྒལ་རྗེས་བག་མར་འགྲོ་དགོས་པ་དང་གནས་ཁ་ཆོད་དགོས་པ་དང་། བུ་ཞིག་ཡིན་ན་ཇག་ལ་འགྲོ་དགོས་པ་དང་འཛིང་ཐུབ་དགོས་པའི་བསླབ་བྱ་ཞིག་ཏུ་གྱུར་འདུག་པས། མི་རྒྱུད་སྤེལ་བ་དང་བློ་ཁོག་བསྐྲུན་པ་གཉིས་ལས་སྤྱི་ཚོགས་ཡར་རྒྱས་ལ་སྨན་པའི་སློབ་གསོའི་མ་ལག་ཁྲོད་གོ་ས་ཆེར་ཟིན་ཐུབ་མི་འདུག་པས། ད་ལྟ་མེས་པོ་དག་གི་ཉམས་མྱོང་ལས་ཐོན་པའི་བསྡོམས་ཚིག་རང་བཞིན་ཅན་གྱི་ལག་ལེན་འདིར་བསྐྱར་ཞིབ་བྱས་ནས“རང་ཚུགས”བསྐྱེད་བསྲིངས་ཁྲོད་དྲངས་ནས་བརྒྱུད་སྤེལ་བྱེད་འོས་པ་ཞིག་ཏུ་གྱུར་ཡོད། ཡང་ཅིག་བཤད་ན། དེང་སྐབས་ནུབ་ཕྱོགས་པ་མང་ཆེ་བས་བུ་ཕྲུག་ལོ་བཅོ་བརྒྱད་ལ་སླེབས་འཕྲལ་རང་ཁ་རང་གསོའི་ལམ་དུ་འཇུག་གིན་པ་དང་གོང་བཀོད་བོད་ཀྱི་གཏམ་དཔེ་དེ་གཉིས་མཚུངས་དོན་ཅི། འདིའང་བསམ་བློ་གཏོང་ས་གལ་ཆེན་ཞིག་རེད།
དུས་མཚམས་འདི་ལོ ༡༦ནས ༢༠བར་ངོས་འཛིན་བྱས་ཡོད་པར་མ་ཟད། མི་ཞིག་བསྐྱར་བཙས་ཀྱི་དུས་སྐབས་ཡིན་ཞེས་ཀྱང་བརྗོད་འདུག རྒྱུ་མཚན་ནི་བཙས་པ་ནི་འཚོ་སྡོད་སླད་ཡིན་ན། བསྐྱར་བཙས་ནི་འཚོ་བ་རོལ་བའི་ཆེད་ཡིན་པས་རེད།
ན་གཞོན་ཕོ་མོ་གང་ལ་མཚོན་ནའང་། གོང་དུ་བཤད་ཟིན་པ་བཞིན་བྲོ་མ་ལས་མི་སློང་བ་དང་བློ་ཕ་ལ་མི་འདྲི་བའི་དུས་སྐབས་ཡིན་པས། ཆེས་ཉེན་ཁ་བའི་དུས་སྐབས་ཤིག་ཏུའང་བཤད་ཀྱི་ཡོད། དེ་བས། ནུབ་ཕྱོགས་སུ་ནག་ཉེས་སྔོན་འགོག་གི་སློབ་གསོ་དང་འཁྲིག་སྤྱོད་སློབ་གསོ། ཤེས་བྱའི་སློབ་གསོ། གསར་བཏོད་ལ་བསྐུལ་བའི་སློབ་གསོ་བཅས་སློབ་གསོ་མ་འདྲ་བ་མང་བོ་ཞིག་སྦྲགས་ནས་སྤེལ་བཞིན་པ་དང་། ཕལ་ཆེར་གནས་ལུགས་སྟོན་པའི་སློབ་གསོ་གཞིར་བཞག་ཡོད་པར་སྣང་། གང་ལྟར་བོད་སྤྱི་དང་སྒོས་སུ་འབྲོག་ཁུལ་དུ་དུས་སྐབས་འདིའི་བུ་མོ་ཚོར་བྱིས་པ་བཙས་པ་མང་བ་དང་། ཕོ་གསར་ཚོས་བྱས་ཉེས་བཟོས་པའང་ཉུང་ཉུང་ཞིག་མིན་པ། བཙན་བྱོལ་ནང་གི་སློབ་གྲྭ་ཁག་གི་སློབ་མ་སྐོར་ཞིག་སྨྱོས་རྫས་བཀོལ་སྤྱོད་ལ་གོམས་ཀྱིན་པ་བཅས་གནས་ལུགས་སྟོན་པའི་སློབ་གསོ་ཞིག་སྤེལ་ཐུབ་མེད་པ་ཤེད་ཆེ་བ་དང་གནས་ལུགས་སྟོན་པའི་སློབ་གསོ་རེག་མ་ཐུབ་པ་དེས་ཐད་ཀར་གནས་ལུགས་རྟོགས་པའི་རང་ཚུགས་ཤིག་ཆགས་ཐུབ་མེད་པའི་མཇུག་འབྲས་བསྐྱེད་འདུག་ཅེས་བཤད་ཆོག
ན་གཞོན་དུས་ཀྱི་ཁྱད་ཆོས་གཉིས་པ་ནི་སྔར་ཡོད་ཀྱི་གཞན་བརྟེན་འབྲེལ་བ་དེ་བཞིན་རྒྱ་ཆེ་རུ་གྱུར་ནས་སྤྱི་ཚོགས་འབྲེལ་བའི་སྒང་འཕོ་བསྐྱོད་བྱས་ཡོད་པས། མི་དང་མིའི་འགྲོ་འོངས་ཁྲོད“ཆགས་སྡང”གི་འདུ་ཤེས་ཤུགས་དྲག་ཅིག་བསྐྲུན་བཞིན་ཡོད་མོད།
མིའི་རང་གཤིས་ནི་ཐ་གཅིག་ཏུ་དགེ་སྡིག་བཀར་མི་ཤེས་པ་ཞིག་དང་། ཡིན་མིན་གོ་ལྡོག་ཏུ་སྤྱོད་མཁན་ཞིག་ཀྱང་མིན་པས།
དགེ་རྒན་ཚོས་གང་ཐུབ་ཅི་ནུས་ཀྱིས་གནས་ལུགས་ཀྱི་ལམ་ནས་ཀུན་སྤྱོད་སློབ་གསོ་གཙིགས་འཛིན་བྱེད་དགོས་པ་དང་།
སློབ་མ་རྣམས་ཀྱིས་ཆགས་སྡང་ལ་བཟོད་བསྲན་དང་། ཡོངས་ཁྱབ་རིན་ཐང་ལ་བརྩི་བཀུར་ཡོད་པའི་གནས་ལུགས་ངོས་ཟིན་དགོས་ཏེ།
“རང་ཉིད་རང་གི་མགོན”བྱེད་པའམ། “རང་ངོ་རང་གིས་ཤེས་མཁན
”ཞིག་ཏུ་ཇི་ལྟར་འགྱུར་རྒྱུ་ཤེས་མཁན་ཞིག་ལས་མི་ལེགས་པའི་གཞན་དབང་དུ་མ་ཤོར་བ་ཞིག་ཏུ་བསྐྱེད་བསྲིངས་བྱེད་ཐུབ་དགོས་པར་བཤད།
དོན་ལ་དུས་སྐབས་འདི་ནི་ན་གཞོན་ཚོར་གནད་དོན་ལ་བརྟག་པའི་བློ་མིག་ལྡན་ཡོད་པའི་དུས་རིམ་ཡིན་སྟབས།
“མི་གཞན་གྱིས་ཅི་ཞིག་བྱེད་ཀྱིན་པ་ངས་མི་ཤེས་ཀྱང་རང་ཉིད་ཀྱིས་ཅི་ཞིག་བྱེད་དགོས་པ་ཤེས་ཀྱི་ཡོད”ཅེས་པའི་ནུབ་ཕྱོགས་ཀྱི་གཏམ་དཔེ་འདི་དང“བྲོ་མ་ལས་མི་སློང་ཞིང་བློ་ཕ་ལ་མི་འདྲི་བའི”བོད་ཀྱི་རང་ལུགས་གཉིས་ཟུང་འབྲེལ་གྱིས“རང་ཚུགས”བསྐྱེད་བསྲིངས་ཀྱི་གྲུབ་དོན་མངོན་འགྱུར་བྱེད་ཐུབ་དགོས་ཀྱི་ཡོད།
དེ་ལྟར་ཡོང་མིན་ནི་སློབ་མ་དང་དགེ་རྒན། ཕ་མ་བཅས་ཕྱོགས་གསུམ་བར་གྱི་འདྲ་མཉམ་འགྲོ་འོངས་དང་བསམ་བློ་བརྗེ་རེས།
སློབ་ཁྲིད་བཅས་བརྒྱུད་ནས་གཙོ་བོ་སློབ་མ་རེ་རེ་བཞིན་་དོགས་འདྲི་ལ་དགའ་བ་དང་བསམ་ཕོད་ཅིང་སྒྲུབ་ཀྱང་ཕོད་མཁན་ཞིག་ཏུ་བསྐྱེད་བསྲིངས་བྱེད་ཐུབ་མིན་ལ་རག་ལས་ཡོད་པར་འདོད།
ད་གཟོད་ལས་རིགས་འདྲ་མིན་ཁྱབ་ཁོངས་སུ་ཆེད་ལས་པ་ཆར་ཤུལ་གྱི་ཤ་མོ་ལྟར་བརྡོལ་ཡོང་སྲིད་པ་ལས་ནམ་རྒྱུན་ལྟར་གནས་ལུགས་དོར་ཏེ་ཚོར་བ་ཉི་ཚེ་བ་དང་ཟེར་རྗེས་ཁོ་ནར་འབྲངས་ཚེ་རང་གཞན་ཀུན་ལ་ཉམས་རྒུད་ལས་མདུན་ལམ་མེད་པ་ཤེས་དགོས།
མཆན།
༡ རྩོམ་ཡིག་འདི་ནུབ་ཕྱོགས་སེམས་ཁམས་རིག་པའམ་སེམས་ཁམས་ཚན་རིག་གི་རྩོམ་ཡིག་ཁ་ཤས་ཤིག་ཀློག་པའི་མྱོང་བར་སྦྱར་ནས་བྲིས་པ་ཡིན།
༢ པར་རིས་ཁག་དྲ་རྒྱ་ལས་བཤུས།