མི་དང་རྒྱ་མཚོ་ཀློག་པའི་ཕྲན་བཤད་རང་གཏམ་མ།

སྡིག་པའི་མེ་ཏོག་གི་ཚན་བཤུས།


རྩོམ་མཁན་བྷུ་ཌི་ལེར། ལོ་ཙཱ་ན་བུན།


ཀྱེ་རང་དབང་གི་མི། གཏན་ཏུ་ཁྱེད་རྒྱ་མཚོར་ཞེན་ཨང་།
རྒྱ་མཚོ་ནི་ཁྱེད་ཀྱི་མེ་ལོང་སྟེ། ཁྱེད་ཀྱིས་རང་གི་རྣམ་ཤེས་ལ་ཅེ་རེར་གཟིགས། 
རྔམ་ཟིལ་གྱི་འཇུག་ངོགས་སུ། རླབས་རྒྱུན་དག་འཇགས་པ་མེད་ཅིང་།
ཁྱེད་ཀྱི་བླ་སྲོག་ལ་ཉམས་པ་མེད།
ཁྱེད་ནི། རང་གི་རྟོགས་འཆར་གྱི་ཀློང་རུམ་ལ་ཞུགས་ཏེ།
ལག་ཟུང་དང་། མིག་ཟུང་དམ་དུ་འཁྱུད་པར་དུང་ཞིང་།
བཟོད་གླགས་བྲལ་བའི་གད་རྒྱངས་ཆབས་ཅིག
སྐབས་རེར་རང་སེམས་ཀྱི་གདུང་འབོད་ཞི་བར་གནང་སྲིད།
ཁྱེད་གཉིས། ཀློང་ཡངས་པའི་མུན་ནག་དང་གཏིང་ཟབ་པའི་གསང་རྒྱ་རེད།
ཀྱེ་མི་ཨང་། སུས་ཀྱང་ཁྱེད་ཀྱི་མུན་ནག་གི་ཟབ་ཚད་གཞལ་ཐབས་མ་སྣང་།
ཀྱེ་རྒྱ་མཚོ་ཨང་། སུས་ཀྱང་ཁྱེད་ཀྱི་གསང་བའི་བང་མཛོད་འཚོལ་ཐབས་བྲལ།
ཁྱེད་ཀྱིས་གཅེས་ཤིང་སྲུང་བའི་གསང་རྒྱ་ནི། ཇི་འདྲའི་འགྲན་སེམས་སྐྱེད་པ་ཞིག་རེད་ཨང་།
དུས་ཀྱི་བསྐལ་བ་གྲངས་མེད་བཞུད་ཀྱང་།
ད་དུང་། སྙེང་རྗེ་དང་བྱམས་སེམས་གཡོ་བ་མེད་པར། ཁྱེད་རང་གཡུལ་ལ་ཞུགས།
ཁྱེད་ཀྱི་འཆི་བར་གཟི་བརྗོད་ཆེ་ཞིང་། དམར་འཛིང་ལ་རྔམ་བརྗིད་ལྡན་སྟེ།
བརྟན་བརླང་གི་གྱད་མི་ཡ། ཁྱེད་ཀྱི་དཔའ་མཛངས་ལ་ཞུམ་པ་མེད་ཨང་།


རྒྱབ་ལྗོངས།

སྤྱིར་རང་བྱུང་གི་ཆུ་གཏེར་དེ་ཆེས་རྙོག་འཛིང་དང་ཆེས་གསང་རྒྱ་དམ་པའི་མིའི་ནང་སེམས་ཀྱི་གཟུགས་རྒྱན་དུ་འཁོལ་བ་ནི་ནུབ་གླིང་གི་སྒྱུ་རྩལ་རྩོམ་རིག་ཁྲོད་དུ་ཆེས་རྒྱུན་ལྡན་ལྟ་བུར་མངོན་མོད། འོན་ཀྱང་འདི་ནི་མི་སེམས་མཚོན་བྱེད་ཆེས་གསལ་ཞིང་དྭངས་པ་དེ་ཡང་ཡིན་ངེས།

 

སྙན་རྩོམ་འདིའི་ཚན་པ་དང་པོའི་ནང་དུ། སྙང་ངག་པ་བྷུ་ཌི་ལེར་གྱིས། /རྒྱ་མཚོ་/ ནི་ / མེ་ལོང་ཞིག་/ གཟུགས་སུ་བཀོད་དེ། ཁྱེད་ཀྱིས་ / རང་སེམས་ལ་ཞིབ་ཏུ་གཟིགས / པར་བརྗོད་ཅིང་། ཚན་པ་གཉིས་པའི་ནང་དུ། མི་སེམས་བར་གྱི་གསང་རྒྱ་དང་། ཀུན་རྟོག་གིས་ཕོངས་པར་བརྗོད་དེ། སྐྱེ་བུ་སུ་དང་སུ་ཡིན་ཡང་། ཆེས་སྤྱིར་བཏང་གི་ཤེས་པའམ་རྟོག་པ་དེ་ཡང་གདོད་ནས་མི་སེམས་ཀྱི་ཆེས་ཟབ་སར་ཟུག་ཅིང་བག་ལ་ཞ་བར་བཞེད།

 

ཚན་པ་གསུམ་པའི་ནང་དུ། མི་དང་མིའི་ནང་སེམས་ནི་ཆེས་གསང་བ་ལྐོག་གྱུར་གྱི་རང་བཞིན་ཏེ།  དེ་ནི་ཆེས་སྤྱིར་བཏང་གི་ཤེས་པས་མི་ཟིན་ལ་ཆེས་སྤྱིར་བཏང་གི་རྟོག་པས་གཞལ་ཐབས་བྲལ་ཞིང་། དེ་ནི་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པའི་ཀུན་རྟོག་རིགས་ཤིག་ཏུ་བཀྲལ། ཚན་པ་བཞི་བའི་ནང་དུ། མིའི་ཚོར་ཤེས་དང་དཔྱོད་ཤེས་ཀྱི་དབར་དང་། མིའི་སེམས་ཁམས་དང་དངོས་ཁམས་ཀྱི་དབར། མིའི་ནང་སེམས་ཀྱི་ལེགས་ཉེས་བླང་དོར་ལ་བརྩོན་པར་མ་ཟད། / བརྟན་བརླང་གི་གྱད་མི་ཡ / ཁྱེད་ཀྱི་དཔའ་མཛངས་ལ་ཞུམ་པ་མེད་ཨང / ཞེས་མཐའ་གཞུག་གི་ཚིགས་རྐང་ནང་དུ། སྐད་ཆའི་སྒྱུ་རྩལ་གྱི་ལམ་ནས། ཟབ་ཅིང་ཡངས་པའི་རང་བྱུང་ཁམས་ཀྱི་འཐབ་རྩོད་དང་། གང་ཟག་སྒེར་གྱི་ནང་སེམས་ཀྱི་འཐབ་རྩོད་གཉིས་གཞི་གཅིག་ཏུ་སྦྲེལ་ཞིང་བཀོད་ཡོད།

 

སྤྱིར་དེང་རབས་སྨྲ་བའི་སྙན་ངག་པ་བྷུ་ཌི་ལེར་གྱི་<<སྡིག་པའི་མེ་ཏོག་>>ནི་གནའ་ཉམས་རྩོམ་རིག་གི་སྒྱུ་རྩལ་མཛེས་ཆོས་ཀྱི་རྟོག་ཁམས་ལས་ལྡོག་སྟེ་འཆལ་སྤྱོད་དང་ཆགས་སྲེད། བཟི་འཐོམ་དང་འཆི་འདས། གད་སྙིགས་དང་སྲང་སྟོང་ལ་སོགས་པའི་ཐ་སྙད་ཀྱིས་གྲུབ་པས། ཐོག་མའི་དཔར་བསྐྲུན་སྐབས་སུ། སྤྱི་བདེ་མི་སྣས་སྙན་ངག་པ་ཁོང་དང་ཁོང་གི་དཔེ་སྐྲུན་མི་སྣ་བཀག་ཉར་ཁྲིམས་བཤེར་བྱས་པ་མ་ཟད། བཏུས་དེབ་ནང་གི་སྙན་རྩོམ་ཁག་ཅིག་ནག་བསུབ་གཏོང་དགོས་བྱུང་སྐད། ཁོང་གིས་དེ་ལྟར་ཆེས་སྡིག་པ་དང་ཆེས་བཙོག་པའི་བརྡ་ཆད་སྤྱོད་དོན། སྙན་ངག་གི་ཁམས་ཀྱི་ཆེས་རང་བྱུང་གི་མཛེས་པ་ནི་ཆོས་ལུགས་སྲོལ་རྒྱུན་གྱི་འཆིང་སྡོམ་ལས་གྲོལ་དགོས་པ་དང་། དགེ་བ་ནི་མཛེས་པ་དང་ཡེ་མི་འདྲ་བར། མཛེས་པ་ནི་ཆེས་སྡིག་པ་དང་ཆེས་བཙོག་པའི་ཁྲོད་དུ་ཡང་བདོག་པར་ལྟའོ།།


རྩོམ་པ་པོའི་རང་རྣམ།

 བྷུ་ཌི་ལེར་(Charles Baudelaire 1821 – 1867)ནི་རྒྱལ་ས་ཕ་རི་སིར་སྐྱེས་ཤིང་། ཡུལ་དེའི་སྙན་ངག་པ་དང་རི་མོ་བ། རྩོམ་རིག་དཔྱད་བརྗོད་པ་དང་ལོ་ཙཱ་བ་རེད། ཕྱི་ལོ་༡༨༥༧ ལོར་ཁོང་གིས་<<སྡིག་པའི་མེ་ཏོག་>>(The Flowers of Evil)འགྲེམ་སྤེལ་གནང་སྟེ། ནུབ་གླིང་གི་རྩོམ་སྟེགས་ལ་སྒུལ་སྐྱོམ་ཆེན་པོ་བཟོས། ཕྱི་ལོ་༡༨༦༨ ལོར་ཁོང་གིས་<<ལྷུག་མའི་སྙན་ངག་ཁ་ཤས་>>(Little Prose Poems)འགྲེལ་སྤེལ་བྱས་པར་ཡང་། དུས་སྐབས་དེའི་ལྷུག་མའི་སྙན་ངག་གསར་རྩོམ་གནང་མཁན་གཙོ་གྲས་ཀྱི་གདེང་འཇོག་ཐོབ།

 

ཡབ་ཆེན་གྱི་རི་མོ་དང་སྙན་ངག་གི་ཤུགས་རྐྱེན་འོག་བྷུ་ཌི་ལིར་རང་ལོ་༡༥ སྟེང་ནས་རྩོམ་རིག་གི་ལམ་དུ་ཞུགས་ཤིང་། སྐབས་དེ་དུས་ནས་སློབ་རའི་དགེ་སློབ་དང་རྒྱ་ཆེའི་ཀློག་པ་པོས་བྷུ་ཌི་ལེར་གྱི་སྙན་ངག་ལ་ན་ཚོད་དང་མི་འཚམ་པའི་འཆལ་སྤྱོད་རིགས་ཤིག་མཐོང་ཡོང་ཞེས་སྐྱོན་བརྗོད་ཐེབས་ཀྱང་། ཕྱི་ལོ་༡༨༣༧ ལོར་སྦྱངས་འབྲས་ཆེས་བཟང་བའི་སློབ་མའི་སྤྱི་རྒྱུགས་ཁྲོད་དུ་ལ་ཊེན་སྐད་ཀྱི་སྙན་ངག་གི་གཟེངས་རྟགས་ཨང་གཉིས་པ་ཐོབ། ཕྱི་ལོར་སྟབས་མ་ལེགས་པར་སློབ་གྲོགས་ཤིག་གི་རྒྱབ་དཔུང་དུ་ལངས་རྐྱེན་སློབ་གླིང་ནས་ཕྱིར་ཕུད་ཐེབས།

 

རང་ལོ་༡༩ སྟེང་ནས་བྷུ་ཌི་ལེར་གྱིས་རང་དབང་གི་འཚོ་བ་རོལ་ཞིང་། དུས་སྐབས་དེའི་ཡུ་རོབ་གླིང་གི་རྩོམ་པ་བོ་དང་སྙན་ངག་མཁན་མང་པོར་འབྲེལ་འདྲེས་ཀྱིས་རྩོམ་རིག་གི་ལས་སྒོར་ཞུགས་ཀྱང་། དཀའ་སྡུག་གི་འཚོ་བའི་ཁྲོད་ནས་ཁོའི་འཆལ་སྤྱོད་ཀྱི་རང་གཤིས་བསྒྱུར་ཐབས་སུ། ཕ་ཡར་གྱིས་ཁོ་རང་ཧྥ་རན་སི་ནས་རྒྱ་གར་དུ་སྐྱོད་པའི་གྲུ་གཟིངས་ཤིག་གི་ནང་དུ་བཅུག་ནས་ཕྱིའི་རྒྱལ་ཁབ་ཏུ་བསྐྲད་མོད། མཚོ་འགྲུལ་གྱི་ལམ་བར་ནས་ཁོ་རང་ཕྱིར་ཕ་རི་སིར་ལོག་ཅིང་། སྐབས་དེའི་འགྲུལ་བཞུད་ཀྱི་མྱོང་བ་དེ་ནི་ཕྱིས་སུ་ཁོའི་རྩོམ་རིག་གསར་རྩོམ་གྱི་མཐུན་རྐྱེན་དུ་གྱུར་སྐད། ཕྱིར་ཕ་ཡུལ་ལ་འབྱོར་རྗེས་ཁོ་སླར་ཡང་བག་མེད་རྒྱས་སྤྲོས་ཀྱི་འཚོ་བར་ཞུགས་ཤིང་། ཉལ་ཐ་དང་མཛེས་མས་ཁོ་དང་ཁོའི་སྙན་ངག་ལ་སྲོག་བསྩལ་བར་སྨྲ།

 

ནུབ་གླིང་གི་རྩོམ་རིག་ལོ་རྒྱུས་ལྟར་ན། བྷོ་ཌི་ལེར་གྱི་མཛད་རྗེས་གཙོ་བོ་དུས་རབས་༡༩ བའི་ནང་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་གྲུབ་མཐའ་(imagism literary theory)ནས་དེང་རབས་སྨྲ་བའི་རྩོམ་རིག་(literary modernity)དང་མཚོན་རྟགས་རིང་ལུགས་(Symbolism)སུ་ཐོད་རྒལ་བྱུང་བའི་ཡུ་རོབ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་རྩོམ་མཁན་གྱི་གྲས་དང་། ལྷག་པར་དུ་<<སྡིག་པའི་མེ་ཏོག་>>ཅེས་པའི་བཏུས་དེབ་དེས། དུས་རབས་༡༩ བའི་ནང་ཧྥ་རན་སིའི་རྩོམ་སྟེགས་སུ་བྱུང་བའི་མཚོན་རྟགས་སྨྲ་བའི་རྩོམ་རིག་སྒྱུ་རྩལ་གསར་བརྗེ་ལས་འགུལ་(The Symbolist Movement in Literature)དང་། དུས་རབས་༡༩ བའི་མཇུག་དང་དུས་རབས་༢༠ བའི་སྟོད་དུ་བྱུང་བའི་དེང་རབས་སྨྲ་བའི་རྩོམ་རིག་སྒྱུ་རྩལ་གསར་བརྗེ་ལས་འགུལ་(modernist literature movement)ལ་གལ་ཆེའི་སྒུལ་ཤུགས་བསླངས་ཤིང་། སྔ་ཕྱིར་བྱུང་བའི་ལས་འགུལ་དེ་དག་གིས་ཨ་རི་དང་ཡུ་རོབ་གླིང་ཧྲིལ་བོའི་སྤྱི་ཚོགས་དང་རྩོམ་རིག་སྒྱུ་རྩལ་གསར་བརྗེ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པར་བཞེད།

 

བཏུས་དེབ་<<སྡིག་པའི་མེ་ཏོག་>>དང་<<ལྷུག་མའི་སྙན་ངག་ཁ་ཤས་>>གཉིས་ནི་བྷུ་ཌི་ལེར་གྱི་དེང་རབས་སྨྲ་བའི་རྩོམ་རིག་གི་ཚབ་མཚོན་དུ་འགྲེལ་ཞིང་མཆིས་སོ།།

 

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post