རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་བོའི་སྟེང་འཛུགས་སྐྲུན་བྱེད་བཞིན་པའི་བོད་ནང་ཆེས་ཆེ་བའི་གློག་འདོན་ཆུ་རག་དེའི་རྨང་གཞིའི་འཛུགས་སྐྲུན་ཚར་ཡོད་པས་ལོ་འཇུག་ནས་གློག་གཏོང་རྒྱུ་ཡིན་ཟེར།
འཛུགས་སྐྲུན་བྱེད་བཞིན་པའི་དྭགས་པོ་ཆུ་མཛོད། པར་རིས་རྒྱ་ནག་གཞུང་འབྲེལ་གསར་ལམ། |
ཟླ་འདིའི་ཕྱི་ཚེས་ ༢༡ རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༦ ལོར་མ་དངུལ་རྒྱ་སྒོར་དུར་ཕྱུར་ ༢༡༠ བཏང་སྟེ། བོད་ནང་གི་ཆུ་རག་ཆེས་ཆེ་ཤོས་དང་འཛམ་གླིང་གི་ས་ཁུལ་ཆེས་མཐོ་བའི་གློག་འདོན་ཆུ་རག་ཆེ་ཤོས་(大古水电站)དྭགས་པོ་ཆུ་ཤུགས་གློག་ཁང་ཟེར་བ།
ལོ་ལྔའི་འཆར་གཞིའི་འོག་འཛུགས་སྐྲུན་ལས་གཞི་མགོ་ཚུགས་པའི་ཡར་ཀླུང་གཙང་བོའི་སྟེང་རྒྱག་བཞིན་པའི་གློག་འདོན་ཆུ་རག་གི་ཨར་འདམ་ལས་གཞི་ཚར་ཡོད་པ་དང་།
འདི་ལོའི་ལོ་འཇུག་ནས་ཆུ་རག་དེའི་རྨང་གཞིའི་འཛུགས་སྐྲུན་ཚང་མ་ཚར་ནས་ཆུ་རག་གི་ཚན་པ་དང་པོ་ནས་གློག་མཁོ་འདོན་བྱ་རྒྱུ་ཡིན་འདུག
དེ་འབྲེལ་གནས་ཚུལ་སྐོར་ལ་བོད་རང་སྐྱོང་ལྗོངས་ཆུ་གློག་དོ་དམ་སྡེ་ཚན་གྱི་འགན་འཛིན་ཇིན་ལའེ་(Jiang
Li)ཟེར་བ་དེས། གློག་འདོན་ཆུ་རག་དེ་ནི་ད་ལྟ་སྐྲུན་འོག་འགྲོ་བཞིན་པའི་བོད་རང་སྐྱོང་ལྗོངས་ཀྱི་ཆུ་རག་ཆེས་ཆེ་ཤོས་དང་མཐོ་ཤོས་དེ་ཡིན་པ་མ་ཟད།
གློག་འདོན་མཁོ་སྤྲོད་ཀྱི་ནུས་པ་ཆེས་ཆེ་ཤོས་དང་བོད་རང་སྐྱོང་ལྗོངས་ནང་ཆུ་རག་གི་བྱེད་ནུས་ཡོད་ཚད་འཕྲུལ་ཆས་ཀྱིས་སྟངས་འཛིན་ཡོད་པའི་གློག་འདོན་ཆུ་རག་ཐོག་མ་དེ་ཡིན་པ་དང་།
ཆུ་རག་དེ་འཛུགས་སྐྲུན་གྱི་འཆར་གཞི་ཕྱི་ལོ་ ༢༠༡༤་ལོ་ནས་བཟོས་ཏེ། ཕྱི་ལོ་ ༢༠༡༦ ལོ་དངོས་སུ་འཛུགས་སྐྲུན་ལས་གཞི་མགོ་ཚུགས་པ་དང་།
ཆུ་རག་དེས་ཁོར་ཡུག་དང་སྣོད་བཅུང་སྲུང་སྐྱོབ་ཐད་ཚད་མཐོའི་ལས་གཞི་གཉེར་ཡོད་སྐོར་བརྗོད་འདུག
ཡང་དེ་འབྲེལ་གནས་ཚུལ་ནང་གསར་འགོད་པས་ཆུ་རག་དེའི་འཛུགས་སྐྲུན་གྱི་བརྒྱ་ཆ་
༨༨ གྲུབ་ཡོད་པ་དང་། ད་ལྟའི་ཆར་ཆུ་རག་གི་རྨང་གཞི་ཚང་མ་ཨར་ལས་བྱས་ཚར་ཏེ། ཆུ་རག་གཡས་ངོས་སུ་འཕྲུལ་ཆས་སྒྲིག་སྦྱོར་དང་།
ཆུ་འདྲེན་ཁུལ་གྱི་ཨར་ལས་བྱེད་བཞིན་ཡོད་པ་དང་། ཆུ་རག་དེ་འཛུགས་སྐྲུན་ཚང་མ་ཚར་རྗེས་གློག་འདོན་ནུས་ཚད་(kilowatts)ཁྲི་
༦ ལྷག་གི་ནུས་ཤུགས་ཡོད་པ་མ་ཟད། ཆུ་རག་དེ་ཆེས་ཆེ་བའི་གློག་འདོན་སྡེ་ཚན་ ༡༧ ནང་བགོས་ཡོད་པ་དང་།
ཕྱི་ལོ་ ༢༠༢༢ ལོར་ཆུ་རག་དེའི་འཛུགས་སྐྲུན་ལས་གཞི་ཚང་མ་འཇུག་སྒྲིལ་རྒྱུ་ཡིན་སྐོར་བརྗོད་འདུག
རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་ནང་ཆེ་ཆུང་འདྲ་མིན་གྱི་ཆུ་རག་འཛུགས་སྐྲུན་བྱེད་མགོ་ཚུགས་ཏེ། ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་ཡར་ཀླུང་གཙང་པོ་དང་། སངྒེ་ཁ་འབབ། མཐའ་ན་ཡར་འབྲོག་གཡུ་མཚོ་སོགས་ཀྱི་སྟེང་ཆུ་རག་ ༢༢ ལྷག་བརྒྱབ་ཡོད་པ་དང་། དེ་དག་ནས་ད་ལྟ་འཛུགས་སྐྲུན་འགྲོ་བཞིན་པའི་ཆུ་རག་ཆེན་པོ་གསུམ་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་ཁག་གི་སྟེང་ཆུ་རག་ཤུགས་ཆེར་སྐྲུན་བཞིན་པའི་དམིགས་ཡུལ་ནི། བོད་ཀྱི་གཙང་བོ་ཁག་རྒྱུག་ཡུལ་གྱི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཆུའི་ཐད་རྒྱ་ནག་གི་དབང་འོག་ཏུ་བསྡུ་ཐབས་དང་། བོད་ཀྱི་གཙང་བོ་ཁག་གིས་ཆབ་སྲིད་ཀྱི་ཁེ་ཕན་གཉེར་ཐབས་ཤིག་ཆགས་ཡོད་པ་རེད།
འབྲི་ཆུའི་ཆུ་མཛོད། པར་རིས། དྲ་ལམ་ནས་བླངས། |
རྒྱ་ནག་གཞུང་གིས་བོད་ནང་གང་བྱུང་ཆུ་མཛོད་འཛུགས་སྐྲུན་བྱས་པ་དེས་བོད་ཀྱི་རང་བྱུང་ཁོར་ཡུག་དང་སྣོད་བཅུད་ལ་སྣོད་འཚེ་ཆེན་པོ་ཐེབས་བཞིན་ཡོད་པ་མ་ཟད། གཙང་བོ་ཁག་གི་ཆུ་བཀག་འགོག་དང་ཆུར་ཁ་བསྒྱུར་བ་སོགས་ཀྱིས་གཙང་བོའི་ནང་གི་སེམས་ཅན་མང་པོ་སྟོད་ཟད། རྩྭ་ཐང་དང་ཁོར་ཡུག་གི་སྐྱེས་ཁམས་ཆོས་ཉིད་ལ་གཏོར་བཤིག་ཆེན་པོ་ཐེབས་བཞིན་ཡོད་པ་རེད། རྒྱ་ནག་ནི་འཛམ་གླིང་གི་གཙང་བོ་དང་རྒྱུག་ཆུ་ལ་ཆུ་མཛོད་མང་ཤོས་རྒྱག་མཁན་གྱི་རྒྱལ་ཁབ་ཨང་དང་པོ་དེ་ཡིན་པ་དང་། རྒྱ་ནག་གིས་བོད་ཀྱི་གཙང་བོ་ཁག་ལ་ཆུ་མཛོད་བརྒྱ་ཕྲག་མང་པོ་བརྒྱབ་སྟེ་བོད་ཀྱི་གཙང་བོ་དེ་དག་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲོད་བྱེད་ཀྱི་ལག་ཆ་ལྟ་བུ་བྱེད་བཞིན་ཡོད་ཀྱང་། ཆུ་ལོག་དང་རང་བྱུང་གནོད་འཚེ་མང་པོས་ཆུ་མཛོད་དེ་དག་གི་བདེ་འཇགས་ལ་ཉེན་ཁ་དང་། ཆུ་མཛོད་དེ་དག་ཤོར་བ་ཡིན་ན་རྒྱ་ནག་གི་ཞིང་ཆེན་མང་པོའི་ནང་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཐེབས་ཞིག་ཆགས་ཡོད་པ་རེད།
རྒྱ་ནག་གིས་བོད་ནང་ཆུ་རག་མང་པོ་འཛུགས་སྐྲུན་ཐད་འཇར་མན་དུ་གནས་སྡོད་རྒྱ་རིགས་ཆུ་དཔྱད་རིག་པ་བ་ཝང་ཝེ་ལུའོ་
(Wang Weiluo)ཡིས། རྒྱ་ནག་གིས་བོད་ནང་ཆུ་རག་འཛུགས་སྐྲུན་ཐད་དེ་སྔ་པཎ་ཆེན་རིན་པོ་ཆེས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་བཟོ་རྒྱུར་དམིགས་ནས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་།
ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་གང་བྱུང་ཆུ་རག་སྐྲུན་བཞིན་པ་ནི་ཨེ་ཤ་ཡའི་ཆུ་དམག་འཁྲུག་མགོ་བརྩམས་པ་ཞིག་དང་།
བོད་མཐོ་སྒང་གི་སྐྱེས་ཁམས་ཁོར་ཡུག་ཉམས་ཉེས་ཀྱི་གཞི་ཁོ་ན་ཡིན་པའི་སྐྱོན་བརྗོད་རྩོམ་ཡིག་བྲིས་པ་མ་ཟད།
འདི་ལོ་རྒྱ་ནག་ནང་ཆུ་ལོག་གིས་གནོད་སྐྱོན་ཆེན་པོ་ཐེབས་སྐབས་ཁོང་གིས་འབྲི་ཆུའི་འགག་གསུམ་གྱི་ཆུ་མཛོད་དེས་ཆུ་ལོག་འགོག་ཐུབ་མིན་དང་།
ཡང་ན་རྒྱ་གཞུང་གིས་ཐོག་མ་ནས་རྒྱ་ནག་མི་མང་རྣམས་མགོ་སྐོར་བཏང་ཡོད་མེད་ཀྱི་གནད་དོན་དེ་འདས་པའི་ལོ་ཤས་རིང་ནས་གསལ་པོ་ཆགས་ཡོད།
ས་ཁུལ་མང་པོའི་ས་བབ་དེ་གློག་འདོན་ཆུ་མཛོད་ཀྱི་ཆུའི་མཐོ་ཚད་ལས་དམའ་བ་ཡོད་སྟབས། ཆུ་ལོག་གི་འཇིགས་པའི་སྐབས་ས་ཁུལ་དེ་དག་ཆུས་བསྣུབ་ངེས་པ་ལྟ་བུ་ཡིན་སྐོར་དང་།
རྒྱ་ནག་དམར་ཤོག་གཞུང་ལ་མཚོན་ན་ཆུ་ལོག་གིས་རྐྱེན་འདས་བཏང་བ་རྣམས་ནི་གྲངས་ཀ་ཙམ་ཞིག་ལས་མ་འདས་པས།
ནམ་ཡང་མི་མང་གི་ཚེ་སྲོག་ལ་འགན་ལེན་བྱ་མི་སྲིད་སྐོར་བརྗོད་འདུག