འཕགས་ཆེན། (ཡུལ་ཤུལ)
ཟླ་སྔོན་མ་ནས་གསལ་བསྒྲགས་བྱས་པ་ལྟར《དབུགས་ལྒང》མི་འགྱངས་བར་གཟིགས་འབུལ་བྱ་རྒྱུ་ཡིན་པའི་གཏམ་བཟང་དེ་གོ་བས་ངས་དེ་རིང་བར་རེ་སྒུག་ཆེན་པོ་བྱས་པ་ཡིན། འདི་ལྟར་སྒུག་མཁན་ནི་ང་གཅིག་པུར་ཙམ་ག་ལ་ཡིན། བརྙན་ཞེན་པ་མང་པོ་ཞིག་གིས་དེ་རིང་གི་དུས་ཚོད་འདི་དམིགས་སུ་བཟུང་འདུག་ཨང་།
གློག་བརྙན་འདི་མ་བསྟན་པའི་སྔོན་གྱི་ཟླ་ངོ་གཅིག་ལ། འབྲེལ་ཡོད་ཀྱི་དཔྱད་བརྗོད་དང་། བཅར་འདྲི། མྱོང་ཚོར། གསར་འགྱུར། བསྒྲགས་པར། བརྙན་ཐུང་སོགས་མཐོང་ཡུལ་དུ་གྱུར་པ་དག་ལ་བལྟས་པས《དབུགས་ལྒང་འདི་ལ་ལྟ་སྙིང་ཆེར་བསྐྱེད་སོང་། དབུགས་ལྒང་རྒྱལ་ཡོངས་ལ་ཐོག་མར་གཟིགས་འབུལ་བྱེད་པའི་སྐབས་འདིར། ངས་དེ་རིང་ཉིན་གུང་དུས་ཚོད12:55ཐོག་གྲོང་ཁྱེར་ཁྲིང་ཏུའུ་ནས་གསར་དུ་བལྟས་པ་ཡིན།
དབུགས་ལྒང་དུ་ཐོག་མར་མངོན་ཡོང་བ་ནི། སྔོ་བསངས་ཀྱི་ནམ་མཁའ་དང་། ཕང་ཕུང་གི་སྤྲིན་དཀར། ཡངས་པའི་རྩྭ་ཐང་། གཡང་དཀར་གྱི་ལུག་ཁྱུ་རེད། རང་བྱུང་ཁམས་ཀྱི་སྣང་ཚུལ་འདི་དག་གིས་འཇིག་རྟེན་ཞིག་གམ་ཁྱིམ་ཚང་ཞིག་གི་སྒོ་འཕར་ཕྱེས་སོང་། དེ་ནས་བྱམས་ལྡན་གྱི་ཨ་མྱེ་དང་། ཡིད་འོང་གི་གཅེས་ཕྲུག་གཉིས་པོས་ངའི་སེམས་འདི་གློག་བརྙན་ནང་དུ་དྲངས་ཤིང་འཚོ་བའི་ནང་དུ་བཀུག ཡང་དྭངས་ཤིང་གསལ་བའི་ཡུལ་ལྗོངས་ཀྱི་རྣམ་པ་དང་། ལྷད་མ་འདྲེས་པའི་མི་གཤིས་ཀྱིས་ངའི་རྣམ་རྟོག་འདི་གློག་བརྙན་ནང་དུ་བསྡུས་སོང་། གློག་བརྙན་མཇུག་རྫོགས་ལ་ཉེ་དུས་ངའི་སེམས་ནི་སྐྱོ་བའི་མལ་དུ་ལྷུང་ཞིང་། བསམ་བཞིག་གི་གཟེབ་ཏུ་ཚུད་འདུག
དེ་ལ་གློག་བརྙན་ནང་གི་མི་སྣ་གཙོ་བོ། ཕོ་སྒོ་ཆེ་བའི་ཁྱོ་བོ་དར་རྒྱས་དང་། རང་གཤིས་དོད་པའི་ཆུང་མ་སྒྲོལ་དཀར་གཉིས་ཀྱི་དངོས་ཡོད་ཀྱི་མི་ཚེ་དང་། རྒྱུན་ལྡན་གྱི་འཚོ་བ་ཟབ་མོས་ངའི་སེམས་འདི་སྐབས་རེར་སྤྲིན་ལྟར་འཕྱོ་བ་དང་། ལན་རེར་ཞོ་ལྟར་ཆགས་པར་གྱུར་ཏེ་འདུ་འཛི་ཆེ་བའི་གྲོང་ཁྱེར་འདི་ནས། གཉོམ་དུང་དུང་གི་ཕ་ཡུལ་དུ་ཁྲིད་སོང་། ད་ལྟ་ཤུལ་དུ་ལུས་པའི་ཕ་ཡུལ་གྱི་ས་གཞི་དང་། ཞིག་རལ་དུ་གྱུར་པའི་ཕ་གཞིས་ཀྱང་མི་དྲན་ཀ་མེད་བྱུང་། མ་གཞི་གློག་བརྙན་འདི་ང་དང་འབྲེལ་བ་མེད་ནའང་ངའི་ཁྱིམ་ཚང་གི་ཆ་ཤས་མང་པོ་ཞིག་བརྙན་ནང་དུ་ཚུད་འདུག་ཨང་སྙམ་སོང་། འདི་ནི་ངའི་ཁྱིམ་ཚང་ཙམ་མ་ཡིན་པར་བོད་མི་རིགས་ཀྱི་འཚོ་བའི་གྲུབ་ཆ་ཞིག་མ་ཡིན་ནམ།
ད་དུང་གློག་བརྙན་ནང་གི་མི་སྣ་ཟུར་པ་སྨྲེང་སེམས་ཀྱི་དབང་དུ་ཚུད་པའི་དགེ་རྒན་སྟག་འབུམ་རྒྱལ་དང་། མི་སྣ་གཙོ་བོ་ཆོས་ཀྱི་བག་ཆགས་བཞག་པའི་ཇོ་མོ་བྱང་ཆུབ་སྒྲོལ་མ་གཉིས་ཀྱི་སྐབས་བབ་འཚོ་བའི་ནང་དུ་ལྷིང་འཇགས་མིན་པའི་སེམས་ཀྱི་རི་མོ་རེ་རེ་ཡོད་ཅིང་། རི་མོ་དེ་དག་ལས་མི་སྣ་སོ་སོའི་གཏམ་རྒྱུད་ཆད་པ་སོ་ན་གནས་ཤིང་། འཐོར་བའང་བསྡུས་འདུག ཡ་རབས་སྤྱོད་ལྡན་གྱི་སློབ་མ་བྱང་ཆུབ་ཀྱི་རེ་བ་དང་འཆར་གཞིའང་བརྗོད་འདུག་ལ། དེ་ལས་ལྡོག་པའི་སློབ་བྱོལ་ཡང་གླེང་འདུག
གློག་བརྙན་འདི་ནི་དངོས་ཡོད་བདེན་ཐུབ་དང་། རྨི་ལམ་འཁྲུལ་སྣང་གི་སྣེ་མོ་གཉིས་སུ་དཔྱངས་པའི་ཁྱིམ་ཚང་དཀྱུས་མ་གཅིག་གི་འཚོ་བ་གཙོ་བོ་བརྗོད་པ་ལས་བྱེ་བྲག་འབབ་ས་མེད་པའི་སྤྱི་ཚོགས་ཤིག་ལྷུར་བླངས་མི་འདུག
མི་སྣ་གཙོ་བོ་གསུམ་ཀའང་ཁྱིམ་ཚང་གཅིག་རེད། ད་དུང་རྙོག་འཛིང་ཆེ་ཞིང་ཡིད་གཏད་མེད་པའི་མི་ཞིག་ལས་བརྒལ་ནས།
མི་སོ་སོའི་མ་བཅོས་གདོད་མར་གནས་པའི་གཤིས་ཀ་གསལ་བོར་མངོན་པར་བྱས་ལ། འདི་འདྲའི་མི་སྣ་སོ་སོས་ངོས་མི་འདྲ་བའི་མེ་ལོང་རེ་རེ་ལ་བལྟས་ཏེ།
ཐབས་དང་ཤེས་རབ་གང་རུང་གིས་མ་དག་པ་དག་པ་དང་། རྨི་ལམ་བདེན་པར་ལྟ་བའི་འཆར་སྣང་རེ་རེ་ནི་ཧ་ཅང་ཡ་མཚན་པ་རེད།
དབུགས་ལྒང་ནི་གློག་བརྙན《དབུགས་ལྒང》འདིའི་མཚོན་དཔེ་ཉག་གཅིག་རེད། དབུགས་ལྒང་དཀར་པོ་ནི་རྣམ་ཤེས་འགོག་པའི་སྒོ་ལྟ་བུ་དང་། དབུགས་ལྒང་དམར་པོ་ནི་རྣམ་ཤེས་ཀྱི་མཚོན་དཔེ་རེད་སྙམ། འོན་ཀྱང་བྱིས་པའི་མིག་ལམ་དུ་དབུགས་ལྒང་དང་རྣམ་ཤེས་བར་ལ་འབྲེལ་བ་ཅི་ཡང་མེད་པ་ལྟར། དབུགས་ལྒང་དཀར་དམར་གང་ཡིན་ན་རྩེད་ཆས་ཤིག་དང་། རྣམ་ཤེས་ནི་སྤོ་བོ་དང་རྨོ་མོ། རང་ཉིད་ནི་རྣམ་ཤེས་ཙམ་ལ་ངོས་འཛིན་བྱས་འདུག འདི་ནི་ཆོས་ལུགས་ཀྱི་དད་མོས་ཟེར་ན་ཆོག་མོད། ཆོས་ལུགས་དང་འབྲེལ་བ་གཏན་ནས་མེད་པའི་བག་ཉལ་གྱི་འདུ་ཤེས་ཤིག་ཡིན་ཡང་སྲིད་ལ། བྱིས་པའི་འཆར་སྣང་ཙམ་ཡིན་ནའང་ཐང་།
འོན་ཀྱང《དབུགས་ལྒང》དུ་ཆེས་གསང་བ་ལྐོག་གྱུར་དང་རྟོགས་དཀའ་བ་ནི་རྣམ་ཤེས་རེད།
དེའང་སྤོ་བོ་དང་རྨོ་མོའི་རྣམ་ཤེས་རེད། ནང་བསྟན་རིག་པའི་གཞུང་ལུགས་ཁག་ནས་གསུང་པ་ལྟར་ན།
རྣམ་ཤེས་ངོས་འཛིན་ཚུལ་སྣ་ཚོགས་པ་ཡོད། རྣམ་ཤེས་ཚོགས་དྲུག་གམ་ཚོགས་བརྒྱད། རྟེན་འབྲེལ་བཅུ་གཉིས་ཀྱི་ནང་ཚན་རྣམ་པར་ཤེས་པ།
ཡང་ན་སེམས་ཡིད་རྣམ་ཤེས་དོན་གཅིག་ཞེས་པའི་རྣམ་ཤེས། ད་དུང་མཚན་གཞི་ཡིད་ཀྱི་རྣམ་ཤེས་སོགས་ཡོད།
དེ་ལས་མཚན་གཞི་ཡིད་ཀྱི་རྣམ་ཤེས་ནི། གང་ཟག་གི་མཚན་གཞི་རེད། འདི་འདྲའི་རྣམ་ཤེས་འདི་ཚེ་སྔ་མ་ནས་འདིར་དང་།
འདི་ནས་ཕྱི་མ། ཕྱི་མ་ནས་ཕྱི་མར་འགྲོ་བར་འདོད་ཅིང་། སོ་སྐྱེ་ནས་རྒྱུན་མཐའ་བར་འགྲོ་བ་ཁས་ལེན། མི་དང་སྲོག་ཆགས་སུ་ཡིན་ན་རྣམ་ཤེས་ཡོད་ཅིང་། ལུས་འཇིག་ནའང་རྣམ་ཤེས་ནི་བར་དོ་དང་གནས་རིས་གཞན་དུ་འགྲོ་བར་སྨྲ།
འོན་ཀྱང་ཆོས་ལུགས་གཞན་ནས་རྣམ་ཤེས་ནི་ལུས་ལ་བརྟེན་པས་ལུས་འཇིག་ན་སེམས་འཇིག་པར་བཤད། གཞན་རྣམ་ཤེས་ཁས་མི་མཁན་ཡང་ཡོད་པ་རེད།
འདི་འདྲའི་ངོས་འཛིན་ཚུལ་མི་འདྲ་བ་དབང་གིས་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་དང་མི་ལེན་མཁན་གཉིས་བྱུང་བ་རེད།
མི་སྣ་གཙོ་བོ་དར་རྒྱས་ནི་ཆོས་ལུགས་དང་མོ་པ་ལ་ཡིད་ཆེས་རྩེ་གཅིག་བྱེད་མཁན་དང་། ཞི་དྲག་གཉིས་ལྡན་གྱི་ཕོ་ཁྱོ་ག་སྒེར་གཤིས་ཅན་ཞིག་དང་།
སྒྲོལ་དཀར་ནི་ལྷ་པ་མོ་པ་དག་ལ་དོགས་འདྲི་བྱེད་ཕོད་མཁན་དང་། ཁྱིམ་ཚང་གི་འཚོ་བའི་འབྱུང་འགྱུར་ལ་འདང་རྒྱག་ཐུབ་པའི་ཆུང་མ་བློ་ལྡན་ཞིག་རེད།
འོན་ཀྱང་ཁྱིམ་ཚང་འདི་ལ་དབུགས་ལྒང་དཀར་དམར་གཉིས། བུ་མོ་སྤུན་གཉིས། སྤོ་བོ་དང་རྨོ་མོའི་རྣམ་ཤེས་གཉིས།
བཟའ་ཚང་གཉིས། དོན་དམ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་དང་། འཁྲུལ་བ་དང་དངོས་ཡོད་ཀྱི་མཐོང་སྣེ་གཉིས།
འཁོར་བ་དང་མྱང་འདས་ཀྱི་ལམ་ཁ་སོ་སོར་ཡོད་པས་འདི་མིན་དེ་མིན་གྱི་ས་མཚམས་ཆུ་མཚམས་ཕྱེ་སླ་པོ་མི་འདུག
དོན་ངོ་མ་ཁྱིམ་ཚང་འདི་ལ་མཚོན་ན། སེམས་ཀྱི་གཏིང་ལ་ཐིམ་པའི་དད་མོས་དང་། ལུས་ཀྱི་ལས་སུ་གྲུབ་པའི་འཚོ་བ་གཉིས་ཆུ་ལ་ཆུ་བཞག་གམ།
མེ་ཐོག་ཆུ་བླུག་རེད། དེ་བས་ཐག་གཅོད་དཀའ་བའི་གནད་དོན་ཆེན་པོ་ཞིག་འདུག འོན་ཀྱང་འདི་གཉིས་ཀྱི་འགལ་འབྲེལ་བརྙན་མིག་ལམ་ནས་ར་སྤྲོད་ངེས་ཅན་ཞིག་བྱས་འདུག་སྙམ།
མངལ་སྒོ་འགོག་པ་ནི་མངལ་མི་ཆགས་པའི་ཐབས་ཤིག་ཡིན་ནའང་། མངལ་སྦྲུམ་གཏོར་བ་ནི་སྲོག་གཅོད་ཀྱི་ལས་སུ་འགྱུར་སྲིད་པའི་ལུས་ཀྱི་ལས་ཤིག་རེད།
འོན་ཀྱང་སྤྱི་ཚོགས་སུ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་། འཚོ་བའི་དཀའ་ཁག གཞན་གྱི་གནོན་ཤུགས་སོགས་ཀྱི་དབང་གིས་མངལ་སྦྲུམ་གཏོར་མཁན་མང་པོ་བྱུང་དང་འབྱུང་གིན་ཡོད་པ་རེད།
འདིའི་སྐོར་ལ་དེ་སྔ་རང་རེའི་ཁོར་ཡུག་ཏུ་ཡོངས་ཁྱབ་ཀྱི་གཏམ་དང་། གནད་ལ་ཕན་པའི་དོན་ལག་བསྟར་བྱེད་འོས་པ་ཤིན་ཏུ་ཉུང་།
ང་ལ་སྔོན་ཆད་ཕ་ཡུལ་གྱི་རྒན་པོ་ཞིག་གིས་འདི་ལྟར་བཤད་མྱོང་། ད་སྐབས་བླ་མ་མཁན་པོ་དག་གིས་མཁྱེན་ངེས་རེད།
མངལ་སྦྲུམ་གཏོར་བའི་ཉེས་པ་འདི་ཧ་ཅང་ཆེ་མོད། འདིའི་སྐོར་ལ་ཅི་ཡང་གསུང་གིན་མི་འདུག་ཟེར།
སྐབས་དེར་བདེན་པར་སྙམ་ཡང་། ད་ལྟ་འདང་བརྒྱབ་ན་འདི་དོན་ངོ་མ་བླ་མ་མཁན་པོ་ཚོས་ཐག་གཅོད་ཐུབ་པ་ཞིག་མ་རེད།
ཁ་ནས་བཤད་པ་ཙམ་གྱིས་མི་འགྲུབ་པར་མི་སོ་སོའི་གདམ་ཀ་དང་། སྤྱི་ཚོགས་ཀྱི་ལག་ལེན་ཞིག་རེད།
འོན་ཀྱང་བརྙན་ལམ་འདི་ནས་ཉེན་བརྡ་ཞིག་བཏང་ཐུབ་འདུག
མདོར་ན་གློག་བརྙན་འདི་རུ་ཆོས་ཀྱི་དད་མོས་དང་ཆོ་ག འཇིག་རྟེན་གྱི་འཚོ་བ་དང་ལམ་ལུགས། ད་དུང་སྐྱེ་བ་དང་འཆི་བ།
ཚེ་སྔ་མ་དང་ཕྱི་མ། རྣམ་ཤེས་དང་ལུས་ཕུང་། འདོད་ཆགས་དང་ཞེ་སྡང་། མངོན་སུམ་དང་རྗེས་དཔག འགལ་བ་དང་འབྲེལ་བ། རང་རིགས་དང་གཞན་རིགས། ཡིད་འགྱུར་དང་དངོས་སྣང་།
མངོན་གྱུར་དང་ལྐོག་གྱུར། དགའ་བ་དང་སྐྱོ་བ། ལྡོག་གཟུགས་དང་དངོས་གཟུགས། དགོད་སྒྲ་དང་མིག་ཆུ།
གནམ་དང་ས། དཀའ་བ་དང་སླ་བ། སྤྱི་དང་བྱེ་བྲག
ཐབས་དང་ཤེས་རབ། སྐྱ་བོ་དང་སེར་མོ། ཉིན་དང་མཚན། དཔེ་དང་དོན་སོགས་དཀྱིལ་ཡངས་ཤིང་ཟུར་མང་བ།
སྣ་མང་ཞིང་སྣེ་འཛིངས་པའི་ཁྱིམ་ཚང་ཞིག་གི་གནས་ཚུལ་གསང་བ་དང་མངོན་གྱུར་ཅི་རིགས་སྒོ་ནས་བཞེངས་བསྐྲུན་བྱས་ཡོད་པ་རེད།
གློག་བརྙན་དབུགས་སྒང་གི་ཁྱབ་བསྒྲགས་བརྙན།
2020/11/20ཉིན་ཁྲིང་ཏུའུ་ནས་བྲིས།