རྒྱ་གར་གཞུང་གིས་བསྐྱར་དུ་རྒྱ་ནག་གི་མཉན་ཆས་ ༤༣ བཀག་འདུག

རྒྱ་གར་གཞུང་གིས་རྒྱལ་སྲུང་བདེ་འཇགས་ལ་དམིགས་ནས་བསྐྱར་དུ་རྒྱ་ནག་གི་མཉན་ཆས་ ༤༣ བཀག་སྡོམ་བཀའ་རྒྱ་བསྒྲགས་འདུག 

དེ་རིང་ཕྱི་ཚེས་ ༢༤ ཉིན་གསར་གར་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་གློག་ཆས་དང་འཕྲུལ་རིག་ལྷན་ཁང་གིས་བསྐྱར་དུ། རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་དང་གཅིག་གྱུར། བདེ་སྲུང་། རྒྱལ་ཁབ་དང་སྤྱི་དམངས་བདེ་འཇགས་བཅས་ལ་དམིགས་ཏེ། རྒྱ་ནག་གི་ཨ་ལའེ་བྷ་ཚོང་ལས་མཉན་ཆས་ཚུད་པའི་མཉན་ཆས་ ༤༣ བཀག་བསྡོམས་བྱས་ཡོད་འདུག

 

དེ་འབྲེལ་གནས་ཚུལ་སྐོར་ལ་རྒྱ་གར་ནང་འཕྲུལ་རིགས་བློན་ཆེན་ལས་ཁུངས་ནས། ཐག་གཅོད་དེ་ནི་རྒྱ་གར་གྱི་རྒྱལ་ཡོངས་དྲ་ལམ་བདེ་འཇགས་འབྲེལ་མཐུན་ཁང་ (National Cyber Security Coordinator)གི་མོས་མཐུན་འོག རྒྱ་གར་གྱི་འཕྲུལ་རིག་དོ་དམ་ཁྲིམས་ཡིག་དོན་ཚན་ ༦༩ ཀ་པ་ (Information Technology Act) གཞིར་བཟུང་ལག་བསྟར་བྱས་པ་ཡིན་སྐོར་བཀོད་འདུག

རྒྱ་གར་གཞུང་གིས་བདེ་སྲུང་དང་མངའ་ཁོངས་བདག་དབང་གི་སྲུང་སྐྱོབ་ལ་དམིགས་ནས། ཐེངས་འདིར་རྒྱ་ནག་གི་མཉན་ཆས་བཀག་བསྡོམས་བྱེད་རིམ་གསུམ་པ་དེ་ཆགས་ཡོད་པ་དང་། རིམ་པ་དང་པོའི་མཉན་ཆས་བཀག་སྡོམ་དེ་འདི་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་གི་མཉན་ཆས་ ༥༩ བཀག་ཡོད་པ་དང་། ཕྱི་ཟླ་ ༩ བསྐྱར་དུ་རྒྱ་ནག་གི་རོལ་རྩེད་མཉན་ཆས་པོག་རྗེ་(PUBG)ཚུད་པའི་མཉན་ཆས་ ༡༡༨ བཀག་ཡོད་པ་དང་། ད་ལྟའི་ཆར་ཁྱོན་རྒྱ་གར་གཞུང་གིས་ཁ་པར་དང་གློག་ཀླད་མ་ལག་ཁྲོད་རྒྱ་ནག་གི་མཉན་ཆས་ ༢༢༠ ཙམ་གྱིས་བྱེད་ནུས་མེད་པར་བཏང་ཡོད་འདུག

 

རྒྱ་གར་གཞུང་གིས་རྒྱ་ནག་གི་མཉན་ཆས་བཀག་སྡོམ་དང་འབྲེལ། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་གར་གྱི་བྱེད་སྟངས་དེས་རྒྱ་ནག་གི་དཔལ་འབྱོར་ཐད་དོ་ཕོག་ཆེན་པོ་འགྲོ་བཞིན་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་རྒྱ་གར་གྱི་བྱེད་སྟངས་དེ་རྒྱལ་སྤྱིའི་ཚོང་འབྲེལ་སྒྲིག་ལམ་དང་འགལ་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་གར་གྱི་སྲིད་དོན་པའི་ཁྲོད་རྒྱ་གར་གྱི་བྱེད་སྟངས་དེས་རྒྱ་ནག་གི་སེམས་ཚོར་དང་དཔལ་འབྱོར་གཉིས་ཐད་ལ་གནོད་སྐྱོན་ཆེན་པོ་ཐེབས་བཞིན་ཡོད་པ་དང་། རྒྱ་གར་བ་ཐེར་འབུམ་མང་པོའི་རྒྱ་ནག་གི་མཉན་ཆས་བེད་སྤྱོད་མ་བཏང་བ་དེས་རྒྱ་ནག་གི་བཟོ་ལས་ཁང་མང་པོ་ཞིག་གིས་ལས་གཉེར་བ་ཤོར་བཞིན་ཡོད་སྐོར་བརྗོད་བཞིན་ཡོད་པ་རེད།

 

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post