དེ་བཞིན་དེ་རིང་སླར་ཡང་ངའི་གཅེས་ཕྲུག་དྷོའི་སློབ་གྲྭ་ནས་སྤྲགས་ཐོག་བརྒྱུད་ཡི་གེ་ཞིག་བཏང་འབྱོར་བྱུང་བའི་ནང་།
ཁྱེད་ཀྱི་བུའི་ལོ་རིམ་གཉིས་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་རྟེན་འབྲེལ་དང་སྦྲགས།
དེ་ལུགས་ཀྱི་མཛད་སྒོ་དྲ་ལམ་ནས་འཚོགས་རྒྱུ་ལགས་ན། ཁྱེད་ཨ་ཕ་གཉིས་ངེས་པར་དྲ་ཐོག་ལ་བཅར་ཞུགས་དགོས་པ་འཁོད་འདུག
ངས་གཏམ་བཟང་དེ་རྒད་པོར་བཤད་པ་ན། ཁོང་གིས། “ངའི་ཞི་ལི་ང་ལ་རིག་ན་འཇོན་པ་རེད་”ཟེར། “
ཡང་ཁྱེད་ཀྱིས་ཅི་ཡང་མ་བྱས་མ་བསླབ་པའི་བྱས་རྗེས་བཞག་དང་ནི་ཨེ་རེད་” ཅེས། ངས་ཁོ་ལ་ཟུར་ཟ་བྱས།
ཁོས” ཨོ་ཡ་་་་་ངས་ཕྲུ་གུར་ཅི་གང་མ་བྱས་པ་དེ་ནི་ང་ཚོས་ཅིག་བྱེད་ཁུལ་བྱས་པ་ལས་ཀྱང་གལ་ཆེ།
ད་ཁྱོས་ངའི་ཞི་ལིར་ཉ་གེ་རྙོག་གེ་དེ་རིགས་ཨུ་ཚུགས་ཀྱིས་ཁྲིད་མ་ཡོང་ཨ། ཁོ་རང་ལྷན་སྐྱེས་ཀྱི་སྒོ་ནས་འཚར་དགོས་ནི་རེད་”
ཅེས་ལབ་སོང་། ང་གད་མོ་ཙམ་ལས། དགེ་ཁ་འཐེན་རེས་བྱ་མཚམས་བཞག་པ་ཡིན། དེ་ནི་ཞི་ལི་གཉིས་ཀྱི་སྟེང་ན་བཟང་ཆ་གང་ཡོད་ཚང་མ་”ང་ལ་རིག་པ་”རེད་ཅེས།
ཨ་ཕས་ངོམ་སོ་བྱེད་རྐྱང་ཡིན་པ་དང་། སྤྱོད་ངན་གྱི་ཆ་ཕྲ་མོ་ཙམ་མཐོང་འཕྲལ་ཨ་མ་ལ་རིག་པ་རེད་ཅེས།
ངའི་མགོ་ལ་གཡུག་རྐྱང་རེད། དེ་ནི་རྒྱུན་ལྡན་རེད་མོད།
ཐེངས་འདིར་ངས་ཁོང་ལ་” བུ་ལ་ཁོ་རང་ཉིད་ཅིག་ཡོད་པ་རེད” ཁྱོད་དང་འུ་གཉིས་ལ་ཡིན་ཅིག་རིག་དགོས་དོན་ག་རེ་རེད་ཅེས་འུ་ཐུག་པའི་རྣམ་འགྱུར་བསྟན་པའི་སྟེང་།
ཡང་”ནམ་ཚོད་བྱ་ཕོས་བཟུང་། རྒྱལ་ཁ་བོང་བུས་ཁྱེར་”འདོད་མ་བྱེད། ངས་དཀའ་ལས་རྒྱབ་ཙང་རེད་ཅེས། རང་བསྟོད་དང་ཞོར་ལ་སྡུག་ཡུས་ཀྱང་ཆེད་དུ་བཤད་ཤོར་སོང་།
འཛིན་རིམ་གཉིས་པ་རྫོགས་ལ་ཉེ་སྐབས་འདིར། དྷོ་ལས་བླངས་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་དེ་དག་རིག་ཚན་གང་གི་སྐོར་ཡིན་པ་བརྡ་སྦྱོར་ནང་གསལ་མི་འདུག
དེ་ནི་ནུབ་ལུགས་ཀྱི་ཧང་སངས་”(Surprise)“བཅུག་འདོད་ཡིན་འགྲོ ཨ་མ་ང་རང་གི་བུ་ལ་ཡར་སྐྱེད་ཡོད་ན་ལོས་དགའ་མོད། ང་དགའ་སྟངས་དང་།
ཁོའི་ཨ་ཕས་དགའ་སྟངས་གཉིས་ཁྱོན་ནས་འདྲ་ཡི་མི་འདུག
དྷོ་བོ་འདི་མུར་ཕྱིན་ན། ཆུ་རྐྱལ་དང་། དྲག་རྩལ། རྐང་སྤོལ། རི་མོ།
ཀློག་རྩལ་དང་གཏམ་བཤད་སོགས་ཕྱོགས་གང་ཐད་ནས་ཁོ་རང་གི་ལོ་མཉམ་ཕྲུ་གུ་ཚོའི་གྲལ་ནས་དེ་ཕོ་ནང་གི་སྤུ་བཟང་ཟེར་བ་ལྟར།
ཡག་ཤོས་ཀྱི་གྲས་སུ་འགྲོ་གི་ཡོད་མོད། ང་ལ་མཚོན་ན་དེ་ཙམ་ཀྱིས་ཞེ་བློ་ཚིམས་འགྲོ་རྒྱུ་ཁག་པོ་འདུག
རྒྱུ་མཚན། ཨོ་སེ་བ་(Aussi) འདི་ཚོ་ལྷོད་གཡེང་ལ་དགའ་དྲགས་པས་མིན་འགྲོ་སྙམ།
ཞོགས་པ་རྟག་པར་ “ ཁྱོད་ད་ངོ་མ་ཡག་པོ་འདུག ཨ་མ་ཁྱེད་ལ་སྤོབས་པ་སྐྱེས་ཀི”
ཞེས་བསྟོད་ར་འཐེན་ཞོར། ངས་དྷོ་ལ་སློབ་གྲྭར་ལམ་འཇུག་བྱས་རྗེས། ཕྲུ་གུ་སོང་ཤུལ་ནས་སླར་ཡང་ཆིག་ལབ་རྒྱག་འགོ་ཚུགས།
ཁོའི་སློབ་སྦྱོང་དང་འབྲེལ་བའི་རིག་ཚན་འདྲ་མིན་དྲ་མྱུལ་བྱས་ཞོར། སེམས་སུ་མ་འོངས་པ་ན།
འཚོ་གནས་དང་ལས་རིགས་ཀྱི་འགྲན་རྩོད་ཁྲོད་དུ་ཕྲུ་གུ་འདི་གཉིས་དངོས་སུ་ཞུགས་དུས། ཁོ་ཚོར་དཀའ་ངལ་དངོས་ལ་གདོང་གཏོད་ཐུབ་པའི་འཇོན་ཐང་ཞིག་དང་རིག་ཚན་ཞིག་རྒྱུད་ལ་འཇོག་ཨེ་ཐུབ་ན་སྙམ་བཞིན།
ང་དེ་ལ་ཞེད་སྣང་ཞིག་ཡོང་གི
ཨང་རྩིས་དང་། ཚན་རིག་སོགས་ངའི་ཤེས་ཚོད་ཀྱི་ཁྱབ་ཁུངས་ཤིག་ཁྱོན་ནས་མིན་ཡང་།
མཉན་ཆས་མ་ལག་དང་། འགུལ་བརྙན་ལྟད་མོ་བཟོ་སྟངས་གཙོས། སྐར་མའི་ཁྱིམ་རྒྱུད། མེ་ཤུགས་འཕུར་མདའ།
གནམ་གྲུའི་ཁ་ལོ་བ་སོགས། ངས་དུས་རྒྱུན་དྲ་ངོས་ནས་ཞིབ་ཀློག་བསྐྱར་ཀློག་གི་བུའི་རྣ་རྩར་བླུག་ཁུལ་བྱས་པ་ཁག
ཁོའི་ཨ་ཕར་མཚོན་ན། ངའི་འབད་བརྩོན་ནི། “ཉ་གེ་རྙོག་གེ་དེ་ཚོ་” རེད།
ཁོས་ནམ་རྒྱུན་ཕྲུ་གུ་གཉིས་ལ་གཟབ་ནན་གྱིས་ཅིག་འཁྲིད་ཁུལ་བྱེད་ཀྱིན་པ་ནི”
འབུ་གསོད་མི་རུང་། ག་དུས་ཡིན་ན། ཆེན་པོས་ཆུང་ཆུང་ཐུབ་ཚོད་གཏོང་མི་རུང་། ནེ་ཙོ་ང་ཚོའི་གྲོགས་པོ་རེད།
མགྱོགས་པོ་བག་ལེབ་སྤྲོད་རོགས” ལབ་སྲོལ་ཡོད་པ་བཞིན། ཕྲུ་གུ་གཉིས་ཀྱིས་ཀྱང་(nature
is beautifully)ཞེས་རང་བྱུང་ནི་མཛེས་སྡུག་ལྡན་པ་རེད་ཅེས་བཤད་ཤེས་པ་མཉམ་དུ།
ཁྱིམ་གྱི་ནང་ཕྱི་ཚང་མ་གནམ་ས་གོ་འབྱེད་ལྟ་བུ་བྱས་འདུག་ཀྱང་། ད་དུང་ཅིའང་མི་སྙམ་པར་འདུག་སྲོལ་ཡོད་པའི་ཁོང་ཕ་བུ་ཚོར་།
ངས་ “ཁྱེད་ཁྲིམས་མེད་ལུགས་མེད་ཀྱི་ཕ་བུ་ཚོ་ཞེས་པའི་བཀའ་དཀྱོན་ལ། ཁོང་ཕ་བུ་ཚོས་རྩེ་མཚར་ཅིག་གི་ངོ་བོར་བསྒྱུར་ནས།
“I hate my wife I hate my life ( ང་ངའི་ཆུང་མ་ལ་སྡང་། ང་ངའི་མི་ཚེ་ལ་སྡང་“ ཞེས། ཚང་མས་དབྱངས་སུ་བཀུག་ནས་ཚུར་ང་ལ་བརྙས་བཙལ་ནས།
ཁོང་ཕ་བུ་གསུམ་ཁ་མཐུན་ཞེ་མཐུན་ལྟ་བུར་འཆམ་འགྲོ་རྒྱུ་ཞིག་དང་། མ་ཟད། དྷོ་ལས་ཚུར་ང་ལ་”
མཚམས་མཚམས་སུ། ང་རླུང་ནག་འཚུབ་མ་ཞིག་འཚུབ་པ་འདྲ་བོ་ཡོད། དེ་ནི་ངའི་ལྷན་སྐྱེས་རེད། ཨ་མ།
དེ་ལ་ཡག་ག་སྡུག་ག་རེད་ཅེས་ལབ་ཡ་ཡོད་པ་མ་རེད་”ཅེས་ང་ལ་སློབ་གསོ་ལྟ་བུ་བཏང་ཁུལ་དང་། ང་ནི་རང་བྱུང་དང་ལྷན་སྐྱེས་ལ་རྒོལ་པའི་ཁྲིམས་དཔོན་ཆེན་མོ་ཞིག་ལ་བརྩིས་འགྲོ་སྟངས་དེར་ལྟ་བཞིན།
ཕ་རྒན་ཁོང་གིས་ཅི་ཞིག་འཇོན་ཡོད་མདོག་གིས་གད་མོས་རིལ་འགྲོ་བ་མ་ཟད།
“ངའི་ཞི་ལི་གཉིས་ཀ། ནད་མེད་དུག་མེད་ཡིན་ནོ་ངའི་དྲིན་རེད། རྩེད་མོ་རྐྱང་རྐྱང་རྩེ་བསྡད་ཙང་རེད།”“ཡིན་རྒྱུ་རེད། ཟོག་ལུག་སྐྱོང་སྟངས་ལྟ་བུ་བུ་རི་རྒྱག་ལུང་རྒྱག་བྱས་ནས། བུ་རྫི་བྱས་སྟངས་དེར་” ངས་བྱས་ངན་ངོ་གསོ་མ་ཁྱེར་ཅེས་ཁ་ལོག་ཚིག་ལོག་གིས་”ཁྲལ་བསྡུ་ཁྲིམས་གནོན་”བྱས་ཁུལ་མོད། དགེ་ཁ་འདི། རྒྱལ་ཁ་འདི་གཅིག་ཤས་ཁོང་ཕ་རྒན་གྱིས་་ཞི་ལི་གཉིས་ཤིང་ཏོག་དང་ཚོད་མ་རྐྱང་རྐྱང་གིས་གསོས་ངོ་ཡིན་སྲིད་ན། ངས་དེའི་ལུགས་ཁས་ལེན་མ་བྱས་ས་མི་འགྲོ་ཀི
ཡང་ཕ་རྒན་གྱིས། ནམ་རྒྱུན་སྒྱུ་རྩལ་དང་རོལ་མོ་ཞེས་བླ་ན་མེད་པ་ཡིན་རབས་བཤད་ནས། ངའི་ཕྲུ་གུ་གཉིས་སྐྱེས་ནས་ད་བར་དབྱངས་གཅིག་གདངས་གཅིག་གི་ཡན་ན་མེད་པའི་གླིང་བུ་གོབ་ཏོ་ཞིག་བཏང་སྲོལ་ཡོད་ལ། ཡང་དྷོ་ལར་རོལ་མོ་ཞོར་སྦྱོང་འཛིན་གྲྭ་ཞིག་བཙལ་རོགས་ཞེས་ང་ལ་ཡང་ཡང་ངག་བཅོལ་བྱས་མོད། རི་སྔོན་ནི་སྒྱུ་རྩལ་པ་འཁྱམ་པོ་ལྡོམ་པོ་དག་འདུག་ས་ཡིན་སྐད་མོད། ཕྲུ་གུར་ཆེད་སྦྱོང་གི་རོལ་མོ་འཛིན་གྲྭ་རན་པ་ཞིག་ངས་ཀྱང་བཙལ་ཐུབ་མ་སོང་བས། ངས་མ་རག་ཚུལ་བཤད་པའི་ཚབ་ཏུ། ཁྱོའི་”ཉ་གེ་རྙོག་གེ་དེས་” ཕྲུ་གུར་ཅང་ཕན་གི་མ་རེད་ཅེས། ཕར་ལ་སྐྱིན་པ་ལྟ་བུ་”རོལ་དབྱངས་” རིག་ཚན་ལ་ཆ་འཇོག་མེད་ཁུལ་བསྟན།
ངའི་བུ་དྷོ་ལ་རང་ལོ་བདུན་དང་འཛིན་རིམ་གཉིས་པ་རེད། ཉིན་རེའི་སློབ་གྲྭ་གྲོལ་ནས་ནང་ལ་སླེབས་རྗེས། ཤོག་ངོས་གསུམ་བཅུ་ལས་མང་པའི་དེབ་རེ་ཀློག་དགོས་འདུག དེའང་དྲ་དེབ་རེད། བཀླགས་པའི་མི་ཚད། བཀླགས་ནས་ཤེས་ཡོད་མེད་དྲི་བ་དྲིས་ལན་བྱ་དགོས་འདུག སྐབས་རེས་ང་རང་ཁྱིམ་ནས་ཡར་འཁོར་མར་འཁོར་ཙམ་བྱས་རིང་། ཁོས་ཨ་མ་བཀླགས་ཚར་སོང་ཞེས་སྐད་བརྒྱབ་ཅིང་། “ད་ངས་ག་རེ་བྱེད་ཀ་”ཟེར་ཞོར་མིག་ཟུང་གློག་ཀླད་དང་ཁ་པར་ལ་གཏད་ནས་བྲེལ་ཤ་ཞིག་ལངས་ཐེངས་རེར། ངས་དྷོ་ལར་” ཁྱོད་རྨ་ཆུའི་ཕར་ཁ་མཆོང་བ་མ་རེད་པ་( skip the pages —- སླ་བཅོས་ཀྱི་ཤོག་ངོ་བར་འཇོག་བྱས་པའི་དོན་) “ ཞེས་བཤད་པར། དྷོ་ལས་” ཨ་མ་་་་་ངའི་མིག་ལ་ལྟོས་དང་་་་ངས་page skip བྱས་འདུག་དང་མི་འདུག” བྱས་མེད་པའི་བདེན་དཔང་དེ། ཨ་མས་ཁོའི་མིག་ནས་མཐོང་གི་ཡོད་པར་ཡིད་ཆེས་བྱས་སྲོལ་ཡོད།
དྷོ་ལའི་དཔེ་ཀློག་ཐོ་གཞུང་དུ་གསལ་པའི་དེབ་གྲངས་དྲུག་ཅུ་ཐམ་པ་སྟེ།
ཁ་སྔོན་དེར་བཀླགས་ཚར་ཙམ་རེད། ཀློག་ཚད་གནས་རིམ་( Reading Level) ༢༦ ནས་ ༢༨ འཕར་འདུག་པས།
ངའི་བུས་” ཨ་མ་་་་ད་ངས་ཀློག་རིམ་ ༣༠ ཅན་གྱི་དེབ་བཞི་བཅུ་ཐམ་པ་འདི་དག་བཀླགས་ཚར་ན། དེ་ནི་འཛིན་རིམ་གསུམ་པའི་ཀློག་རིམ་རེད།
ང་ཡག་པོ་མི་འདུག་གམ། ཨ་ཨ་་་་ང་སྤྱང་པོ་ཡོད་རེད་ལབ་ཡིན་པ། ད་ངས་དེབ་ཀློག་དགོས་མ་རེད་”
ཅེས་སྡོམ་འདྲ་རྒྱབ་ཡོང་།
རེད་ཡ། རང་ཉིད་སློབ་ཆུང་འཛིན་རིམ་ ༦ ཐོན་དུས། སློབ་དེབ་ལས་བརྒལ་པའི་དེབ་གྲངས་དྲུག་ཙམ་ཡང་བཀླགས་ཡོད་མེད་དྲན་གྱི་མི་འདུག་བསམ་པ་འདིར་བསམ་ན།
ང་བུའི་་དཀའ་ཚེགས་ལ་སྐྲག་ནི་ཞིག་རེད་མོད། འགྱུར་བའི་དབང་གིས། ཕྱོགས་གང་མང་ཞིག་ནས། ང་དང་བུའི་བར་ན་བསྡུར་ས་ཞིག་མི་འགྲོ་ཀི
ཕྱོགས་གཞན་ཞིག་ནས་བཤད་ན། ཕ་རྒན་འགན་མེད་ཁོའི་རང་སེམས་རང་གིས་གསོ་སྟངས་ལྟར།
“བུ་སྐྱེས་འདོད་གནམ་ཀྱི་མི་ཁོག་”ཟེར་བ་འདི་བདེན་ན། ངས་ཀྱང་དེ་ཙམ་ལུས་ཚེགས་སེམས་ཚེགས་བྱ་དགོས་དོན་མེད་པར་སྣང་མོད།
ཨ་མ་ཞིག་ལ་མཚོན་ན། ཕྲུ་གུ་ནི་རང་ཉིད་ཀྱི་ཡོད་ཚད་དང་། ཡི་གེ་བ་ཞིག་གི་ཆ་ནས་བཤད་ན། ཕྲུ་གུ་ནི་རང་ཉིད་ཀྱི་ཚབ་མཚོན་རྩོམ་ཡིག་ཡིན་ཟེར་ཆོག་མོད།
ང་ད་དུང་གདེང་འཁེལ་པའི་ཨ་མ་ཞིག་དང་ཡི་གེ་བ་ཞིག་ཆགས་རྒྱུར་ཁ་ཐག་རིང་བར་ཚོར།
དེ་ལྟར་མོད། ཕྱོགས་གང་ཐད་ནས་” ཡག་ཤོས་” དགོས་རྒྱུ་ནི། ཨ་མས་བུ་ལ་བཅོལ་བའི་རེ་འདུན་ཡིན་ལ།
རེ་འདུན་འདི་ཧམ་པའང་ཡིན་སྲིད་ན། ཧམ་པ་འདིས་ངའི་བུར་གནོད་པ་མི་བསྐྱེལ་བའི་སྨོན་ལམ་ཞིག་ཞེ་ནས་འདེབས་ཤོར་འགྲོ