སྲིད་སྐྱོང་ཕོ་བྲང་དཀར་པོར་ཕེབས་པར་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ཕོ་བྲང་དཀར་པོའི་ནང་གཟིགས་སྐོར་ཕེབས་པ་དེ་ཨ་རིའི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་ཚབ་ཆེན་བྱས་ཡོད་སྐོར་བརྗོད་འདུག

བོད་མིའི་སྒྲིག་འཛིགས་ཀྱི་སྲིད་སྐྱོང་མཆོག་དང་ཨ་རིའི་སྐུ་ཚབ་དོན་གཅོད། པར་རིས་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ། 
ཟླ་འདིའི་ཕྱི་ཚེས་ ༢༢ ཉིན། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཟེར་བས་ཉེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཕེབས་ཏེ།  ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་ལས་ཁུངས་ཀྱི་སྐུ་ཚབ་སོགས་གནད་ཡོད་མི་སྣར་མཇལ་འཕྲད་གནང་བ་དེ་ནི། ཨ་རིའི་བོད་ཀྱི་གནད་དོན་སྤྱད་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་དང་། ཊི་རིམ་ཕི་གཞུང་གིས་བོད་དོན་ཐོག་དེ་སྔ་ནས་ལས་དོན་བྱེད་རྒྱུའི་དམིགས་ཡུལ་ཡོད་པའི་བརྡ་རྟགས་ཤིག་ཆགས་ཡོད་པས། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་མཁན་སུ་གཅིག་ལ་གུ་ཡངས་སོགས་མེད་སྐོར་གྱི་སྐྱོན་བརྗོད་རྩོམ་ཡིག་ཟེར་བ་ཞིག་སྤེལ་འདུག

 

རྒྱ་ནག་གོ་ལའི་དུས་བབ་ཀྱི་གསར་འགོད་པ་ལའོ་ཡེན་ཙི་(Lu Yuanzhi)ཟེར་བའི་མིང་ཐོག་ནས་སྤེལ་བའི་དེ་འབྲེལ་གནས་ཚུལ་ནང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་བློ་བཟང་སེངྒེ་ཨ་རིའི་ཕོ་བྲང་དཀར་པོར་ལྟ་སྐོར་སོང་སྟེ། ཨ་རིའི་བོད་དོན་འབྲེལ་མཐུད་པ་རའོ་བྷིར་ཊི(Robert Destro)དང་ཐུགས་འཕྲད་བྱས་ཡོད་པ་དང་། བོད་བྱོལ་བོད་མིའི་སྒྲིག་འཛུགས་ནི་རྒྱ་ནག་ཁ་བྲལ་བྱེད་མཁན་གྱི་ཆབ་སྲིད་ཚོགས་པ་ཞིག་དང་། ཁོ་ཚོའི་དམིགས་ཡུལ་ནི་བོད་རང་བཙན་མངོན་འགྱུར་བྱ་རྒྱུ་དེ་ཡིན་པ་དང་། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཅིག་ཕོ་བྲང་དཀར་པོར་གཟིགས་སྐོར་ཕེབས་པ་ཐོག་མ་དེ་ཡིན་པ་དང་། གནད་དོན་དེས་རྒྱལ་སྤྱིའི་སྟེང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཤུགས་རྐྱེན་ཧ་ཅང་ཉམ་དམའ་བོ་ཡིན་པ་མཚོན་གྱི་ཡོད་སྐོར་སོགས་བརྗོད་འདུག

 

 ཡང་རྩོམ་ཡིག་ཟེར་བ་དེའི་ནང་མུ་མཐུད། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ཆེས་གལ་འགང་ཆེ་བའི་ནང་སྲིད་གནད་དོན་ཞིག་ཡིན་པ་དང་། ཝ་ཤིན་ཊོན་གྱིས་ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་དང་མཇལ་འཕྲད་གོ་སྒྲིག་བྱས་པ་དེས། ཨ་རིའི་རྒྱ་ནག་གི་ནང་སྲིད་ལ་ཚབ་ཆེའི་ཐེ་བྱུས་བྱས་པ་ཞིག་ཡིན་པ་མ་ཟད། འདས་པའི་ཉིན་ཤས་ནས་བཟུང་ཨ་རིའི་ཐའེ་ཝན་ལ་གཞུང་འབྲེལ་མི་སྣ་གཟིགས་སྐོར་དུ་གཏོང་བ་དང་། ཧོང་ཀོང་གནད་དོན་དང་འབྲེལ་ནས་རྒྱ་ནག་གི་གཞུང་འབྲེལ་ཐག་གཅོད་ལ་རྒྱུ་མཚན་གང་ཡང་མེད་པར་སྐྱོན་བརྗོད་བྱེད་པ་སོགས། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་རིམ་པར་བྱེད་བཞིན་ཡོད་ན་ཡང་། ཨ་རིའི་བྱེད་སྟངས་དེ་དག་ནི་ངལ་བ་འབྲས་མེད་ཡིན་པ་དང་། རྒྱལ་ཁབ་སུ་ཞིག་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་པ་ཡིན་ན་གུ་ཡངས་གཏན་ནས་གཏོང་གི་མིན་ལ། པེ་ཅིན་གཞུང་ལ་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་སྲུང་སྐྱོབ་ཀྱི་ནུས་པ་ཆ་ཚང་ཡོད་སྐོར་བཀོད་འདུག

 

དེ་བཞིན་རྩོམ་ཡིག་ནང་དོ་སྣང་བྱེད་དགོས་པ་ཞིག་ལ་ད་ཐེངས་ཐུག་འཕྲད་ཀྱི་གནས་ཚུལ་གསར་ལམ་ཁག་ཏུ་སྤེལ་མཁན་བོད་མིའི་སྒྲིག་འཛུགས་ཡིན་པ་དང་། ཕོ་བྲང་དཀར་པོའི་ཕྱོགས་ནས་ཐུག་འཕྲད་དང་འབྲེལ་བའི་སྐད་ཆ་གང་ཡང་བཤད་མེད་པ་རེད་ལ། དེ་ནི་ཊུ་རིམ་ཕི་སྲིད་གཞུང་གིས་རྒྱ་ནག་ཕྱོགས་ནས་ཡ་ལན་ག་རེ་ཡོང་རྒྱུའི་ཚོད་ལྟ་ཞིག་དང་། གོམས་སྟབས་རྗེས་མར་ལས་དོན་ཇི་ལྟར་བྱ་དགོས་པའི་འཆར་གཞི་བཀོད་བཞིན་ཡོད་པ་དང་། ཊུ་རིམ་ཕི་སྲིད་གཞུང་ནང་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་སྲིད་དོན་པ་མང་པོ་ཡོད་སྐོར་དང་། གཞན་ཡང་སྲིད་སྐྱོང་ཕོ་བྲང་དཀར་པོར་ཕེབས་པ་དེས་ཊུ་རིམ་ཕི་སྲིད་གཞུང་གིས་སྲིད་དབང་རྩིས་སྤྲོད་མ་བྱས་གོང་། རྒྱ་ནག་ལ་དཀའ་རྙོག་བཟོ་རྒྱུའི་དམིགས་ཡུལ་གྱི་གོམས་སྟབས་གསར་བ་ཞིག་ཡིན་པ་མ་ཟད། ཊུ་རིམ་ཕི་གཞུང་གིས་ཨ་རྒྱའི་གནད་དོན་ཐད་མུ་མཐུད་རྩོད་རྙོག་མང་པོ་སློང་འདོད་ཡོད་པ་ལས། བོད་ཀྱི་གནད་དོན་དེ་དེ་དག་ལས་གཅིག་ཆགས་ཡོད་སྐོར་སོགས་བཀོད་འདུག

མཇུག་ཏུ་བྷ་དན་སྲིད་གཞུང་ཡོང་བ་ཡིན་ན་རྒྱ་ནག་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་སྟེང་འགྱུར་བ་དེ་ཙམ་གཏོང་རྒྱུ་མིན་པ་དང་། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་མང་པོས་བྷ་དན་སྲིད་གཞུང་གིས་རྒྱ་ནག་ཐོག་སྲིད་བྱུས་ཡག་པོ་འཛིན་པའི་ངེས་པ་མེད་སྐོར་བཤད་བཞིན་ཡོད་པ་ལྟར། བྷ་དན་སྲིད་གཞུང་གིས་བོད་དང་ཡུ་གུར་ཧོང་ཀོང་སོགས་ཀྱི་གནད་དོན་ཐད་སྔར་བཞིན་གླེང་སློང་བྱ་རྒྱུ་ཡིན་པ་དང་། བྷ་དན་སྲིད་གཞུང་གི་སློབ་སྟོན་པ་མང་ཆེ་བ་དེ་སྔ་ཨོ་བྷ་མའི་སྐབས་ཀྱི་མི་སྣ་རྐྱང་ཡིན་པ་དང་། ཨོ་བྷ་མས་ཏཱ་ལའི་བླ་མ་ཐེངས་བཞི་ལ་ཕོ་བྲང་དཀར་པོར་གདན་འདྲེན་བྱས་ཡོད་པ་དང་། བྷ་དན་སྲིད་གཞུང་རྒྱ་ནག་སྒང་ལ་དེ་ལས་བཙན་ཤུགས་ཆེ་བ་བྱུང་སྐོར་སོགས་བརྗོད་འདུག

 

ཏེངས་འདིར་སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གཟིགས་སྐོར་དང་། ཨ་རིའི་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་བ་དེར་རྒྱལ་སྤྱིའི་སྟེང་གླེད་སློང་ཤུགས་ཆེར་ཡོང་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་གསར་ཁང་མང་པོས་གནད་དོན་དེ་ནི་བཙན་བྱོལ་བོད་མིའི་སྲིད་དོན་མགོ་ཁྲིད་ཅིག་ལོ་ངོ་ ༧༠ མ་ཟིན་ཙམ་རིང་། ཨ་རིའི་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་གཟིགས་སྐོར་ཕེབས་པ་ཐོག་མ་ཡིན་པ་དང་། གནད་དོན་དེས་ཨ་རིའི་བོད་དོན་ཐད་གོམས་སྟབས་གསར་བ་ཞིག་སྤོ་མགོ་ཚུགས་ཡོད་སྐོར་སོགས་བཀོད་ཡོད་པ་རེད།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post