ཨུ་རུ་སུའི་སྲིད་འཛིན་པོ་ཊིན་ནས་ཨ་རིའི་འོས་བསྡུའི་འཇུག་འབྲས་ཁྲིམས་ཐོག་ནས་ཐག་གཅོད་མ་བྱུང་བར་བྷ་དན་ཨ་རིའི་སྲིད་འཛིན་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་སྐོར་བརྗོད་འདུག
པར་རིས་ཁུངས། AP |
དེ་རིང་ཨུ་རུ་སུའི་གཞུང་འབྲེལ་གསར་ཁང་ཞིག་གིས་སྲིད་འཛིན་པོ་ཊིན་ལགས་སུ་བཅར་འདྲི་ཞིག་གི་སྐབས། སྲིད་འཛིན་པོ་ཊིན་གྱིས་ཨུ་རུ་སུའི་ཕྱོགས་ནས་ཨ་རིའི་སྲིད་འཛིན་ལ་སུ་ཞིག་ཡོང་བ་ཡིན་ན། ཕན་ཚུན་མཉམ་ལས་བྱ་རྒྱུར་གྲ་སྒྲིག་ཡོད་ན་ཡང་། ད་ལྟའི་ཆར་བྷ་དན་ཨ་རིའི་སྲིད་འཛིན་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་སྐོར་བརྗོད་འདུག
དེ་འབྲེལ་གནས་ཚུལ་ནང་། པོ་ཊིན་གྱིས་ང་ཚོས་ཨ་རིའི་མགོ་ཁྲིད་སུ་ཞིག་ཡིན་ཡང་མཉམ་ལས་བྱ་འདོད་ཡོད་ན་ཡང་།
ད་ལྟའི་ཆར་ཨ་རིའི་འོས་བསྡུའི་གྲུབ་འབྲས་ཁྲིམས་ཐོག་ནས་ཐག་གཅོད་བྱས་ཏེ། ཁ་གཏད་ཚོགས་པ་གཉིས་ཀྱིས་ཕན་ཚུན་ངོས་ལེན་མ་བྱས་པར།
བྷ་དན་ལ་ཨ་རིའི་སྲིད་འཛིན་རྒྱལ་ཁ་ཐོབ་པར་ངོས་འཛིན་བྱ་རྒྱུའི་གྲ་སྒྲིག་མེད་སྐོར་བརྗོད་འདུག
ད་ལྟའི་ཆར་ཨ་རིའི་སྲིད་འཛིན་འོས་བསྡུ་བྱས་ཏེ་བདུན་ཕྲག་གསུམ་ཙམ་འགྲོ་བཞིན་ཡོད་པ་དང་།
རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་བྷ་དན་ལ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པའི་རྟེན་འབྲེལ་ཞུས་ཡོད་ཀྱང་།
འོས་བསྡུའི་འཇུག་འབྲས་ཐད་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་ཕན་ཚུན་ངོས་ལེན་བྱས་མེད་སྟབས།
རྒྱལ་ཁག་ཁག་ཅིག་ནས་ད་དུང་བྷ་དན་ལ་ཨ་རིའི་སྲིད་འཛིན་རྒྱལ་ཁ་ཐོབ་པའི་འཚམས་འདྲི་དང་རྟེན་འབྲེལ་སོགས་ཀྱི་སྐད་ཆ་གང་ཡང་བཤད་ཀྱི་མེད་པ་རེད།
སྲིད་འཛིན་ཊུ་རིམ་ཕི་ཕྱོགས་ནས་འོས་བསྡུའི་ཁྲོད་གཡོ་ལས་མང་པོ་ཡོང་ཡོད་པའི་དཔང་རྟགས་དང་བཅས་ཁྲིམས་ཐོག་ལ་ཞུ་གཏུག་དང་།
ཨ་རིའི་མངའ་སྡེ་ཁག་ཅིག་ནང་འོས་ཤོག་བསྐྱར་དུ་རྩིས་བཤེར་དགོས་པའི་ལས་གཞི་འགྲོ་བཞིན་ཡོད་པ་མ་ཟད།
ཕྱི་ཚེས་ ༢༠ ཉི་ཊུ་རིམ་ཕིའི་ཁྲིམས་རྩོད་པ་རཱ་དྷེ་གྷོ་ལན་ནེ་(Rudy Giuliani)གཙོའི་ཁྲིམས་རྩོད་པ་གསུམ་ནས།
འོས་བསྡུའི་ཁྲོད་སྦྲག་ཐོག་འོས་ཤོག་དང་འཕྲུལ་ཆས་འོས་ཤོག་སོགས་ཚང་མས་ནང་གཡོ་བྱུས་དང་རྫུན་མ་རིགས་ཡོང་ཡོད་པའི་དཔང་རྟགས་དང་བཅས།
འོས་བསྡུའི་འཇུག་འབྲས་བྷ་དན་ལ་ཐོབ་ཡོད་པའི་ཐག་གཅོད་སྔ་དྲག་ཡོད་པའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།
དེ་བཞིན་དམངས་གཙོ་ཚོགས་པའི་ངོས་ནས་སྲིད་འཛིན་ཊུ་རིམ་ཕི་ཡི་ཁྲིམས་གཏུག་གནད་དོན་ཁག་ལ་ངོས་ལེན་བྱེད་ཀྱི་མེད་པ་མ་ཟད། བྷ་དན་ལ་སྲིད་འཛིན་རྒྱལ་ཁ་ཐོབ་ཡོད་པའི་ལས་རིམ་མང་པོ་ཞིག་འགྲོ་བཞིན་ཡོད་ན་ཡང་། ཕྱི་ཚེས་ ༢༠ ཉིན་ཕོ་བྲང་དཀར་པོའི་གསར་འགོད་མགྲིན་ཚབ་མ་(Kayleigh McEnany)ཡིས། ཕྱི་ལོ་ ༢༠༡༦ ལོར་སྲིད་འཛིན་ཊུ་རིམ་ཕི་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་སྐབས། དམངས་གཙོ་ཚོགས་པས་ཁྲིམས་མཐུན་དང་གོ་རིམ་ལྡན་པའི་ངང་དབང་ཆ་རྩིས་སྤྲོད་གཏན་ནས་བྱས་མེད་པ་དང་། ད་ལྟའི་ཆར་མུ་མཐུད་འོས་བསྡུའི་འཇུག་འབྲས་ལ་སྒུག་ནས་ཐག་གཅོད་ཡོང་དགོས་སྐོར་བརྗོད་ཡོད་པ་དང་། དེ་བཞིན་ཕོ་བྲང་དཀར་པོ་ནས་ཊུ་རིམ་ཕི་གཞུང་གིས་སྲིད་དབང་རྩིས་སྤྲོད་ཀྱི་ལས་རིམ་ཚང་མ་བསྒྲུབས་ཚར་ཡོད་ན་ཡང་། འོས་བསྡུའི་འཇུག་འབྲས་ཐག་གཅོད་ཕྱི་ཟླ་ ༡༢ ཚེས་ ༣ བར་རྒྱལ་ཁ་ཐོབ་མཁན་སུ་ཞིག་ཡིན་ཐག་གཅོད་ལ་སྒུག་ཡོད་སྐོར་བརྗོད་འདུག