སྟག་སྣ་འཇིགས་མེད་བཟང་བོ་སྐུ་གྲོངས་བར་བོད་མི་ཚོས་མྱ་ངན་གུས་འདུད་ཤུགས་ཆེར་ཞུས།

༧གོང་ས་མཆོག་དང་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལྷན། 

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་ལགས། ཡུ་རོབ་སུད་སི་རྒྱལ་ཁབ་ཀྱི་ཛི་རིག་གྲོང་ཁྱེར་ནང་ཡོད་པའི་ས་གནས་(Turbenthal)ཞེས་པའི་རྒན་གསོ་ཁང་ཞིག་ཏུ་སྐུ་གྲོངས་ཡོད་པ་དང་། ཁོང་འདས་གྲོངས་སུ་སོང་བའི་གནས་ཚུལ་ཕྱི་ལ་ཁྱབ་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། བོད་ཀྱི་དྲ་མང་ནས་དམ་པ་ཁོང་ལ་སྤྱི་ཚོགས་དྲ་ལམ་ཁག་ཏུ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད། དམ་པ་ཁོང་གིས་བོད་དོན་འཐབ་རྩོད་ཀྱི་བྱས་རྗེས་ལ་རྗེས་དྲན་སོགས་ཤུགས་ཆེར་བྱས་ཡོད་པ་རེད།

 

བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་མཆོག་ནས། ཕྲན་རང་ཉིད་ལ་མཚོན་ན་གཞོན་སྐྱེས་ཡིན་པའི་སྐབས་ནས་བཟུང་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་སྙིང་སྟོབས་ལ་ཡིད་སྨོན་ཞུ་མཁན་ཞིག་ཡིན། ང་རང་སྒེར་གྱི་ངོས་ནས་དམ་པ་དེ་ཉིད་མཆོག་དང་ཐུག་འཕྲད་ཞུ་རྒྱུའི་བསྐལ་བ་བཟང་པོ་བྱུང་བ་མ་ཟད། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༤ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགྲེམས་སྟོན་ཁང་དུ་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོའི་མི་ཚེའི་མྱོང་ཚོར་ཞེས་པའི་དམ་པ་ཁོང་གི་མི་ཚེའི་ལོ་རྒྱུས་སྐོར་གྱི་དཔེ་དེབ་དབུ་འབྱེད་མཛད་སྒོ་ལའང་བཅར་རྒྱུ་བྱུང་། ང་ཚོ་བོད་ཀྱི་དོན་དམ་པའི་རྒྱལ་གཅེས་པ་ཞིག་མེད་པར་ཆགས་སོང་སྐོར་གསུངས་འདུག

 

གཞན་ཡང་། རྩོམ་པ་པོ་བོད་རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུ་ལགས་ནས། སྒེར་གྱི་ངོ་དེབ་ཐོག་ང་རང་དམ་པ་ཁོང་དང་གཏན་ནས་མཇལ་མ་མྱོང་མོད། ཁོང་གིས་བོད་ཀྱི་ལོ་རྒྱུས་དང་སྐད་ཡིག་སློབ་ཁྲིད། དེ་བཞིན་བོད་རང་བཙན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པར་བརྟེན། མི་ལོ་ ༣༧ ལ་གྲྭ་བཞིའི་བཙོན་ཁང་དུ་ཚུད་དེ། བཙོན་ཏུ་དུས་ཡུན་རིང་ཤོས་སྡོད་མཁན་གྱི་ཆབ་སྲིད་བཙོན་པ་དེ་ཡིན་པ་ཤེས་ཀྱི་ཡོད་ལ། སྟག་སྣ་འཇིགས་མེད་བཟང་པོས་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་མུ་མཐུད་བོད་རང་བཙན་ཆེད་དུ་འཐབ་རྩོད་གནང་སྟེ། ཁོང་གི་ཕུགས་བསམ་དང་འཐབ་རྩོད་དེ་ནམ་ཡང་བློས་གཏོང་གནང་མྱོང་མེད་པ་དེའང་ཤེས་ཀྱི་ཡོད། ང་ཚོས་ཁོང་དྲན་ངེས་ཡིན་སྐོར་བཀོད་འདུག  

སྟག་སྣ་འཇིགས་མེད་བཟང་པོ་ནི་བོད་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་དང་། བོད་དོན་ཆེད་སྐད་འབོད་དང་ལས་འགུལ་བསྟུན་མར་སྤེལ་རྐྱེན། རྒྱ་ནག་གི་གདུག་སྤྱོད་ཁྲིམས་འོག་ནས་མི་ལོ་ཧྲིལ་བོ་ ༣༧ སྡོད་དགོས་བྱུང་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོར་སྨན་བཅོས་ཀྱི་མིང་ཐོག་ནས་ཨ་རིར་ཕེབས་ཐུབ་པ་བྱུང་བ་དང་། ཨ་རིར་སྨན་བཅོས་སུ་ཞུགས་སྐབས་ཨ་རིའི་མཐོ་རིམ་མི་སྣ་མང་པོར་མཇལ་འཕྲད་དང་མང་ཚོགས་ལ་བོད་དོན་དྲིལ་བསྒྲགས་སོགས།་མུ་མཐུད་བོད་དོན་འཐབ་རྩོད་ཆེད་ལས་འགུལ་སྣ་མང་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ནས་སྔ་ཕྱི་ཐེངས་གཉིས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདུར་དངོས་བཅར་བྱས་ཏེ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། བོད་མིའི་རང་དབང་། བོད་ཀྱི་ཁོར་ཡུག བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་སོགས་ཀྱི་སྐོར་ལ་གཏམ་བཤད་དང་ལས་འགུལ་སྤེལ་ཡོད་པ་རེད།

 

ཕྱི་ལོ་ ༢༠༠༨ ལོར་ཁོང་གིས་སྟག་སྣ་འཇིགས་མེད་བཟང་བོའི་ཟོལ་མེད་བསམ་འཆར་ཞེས་པ་ཞིག་གསར་ལམ་ཁག་ཏུ་སྤེལ་བའི་ནང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ནང་དོན་དང་རྒྱ་དམར་གྱིས་སེམས་འཚབ་བྱེད་པ་སོགས། ཨ་རིའི་གཟེངས་རྟགས་བཞེས་དུས་ཀྱི་གསུང་མོལ་ནང་གསལ་པོ་གསུངས་པ་དེ་རང་ད་ཆ་རྒྱ་དམར་གྱིས་དང་ལེན་ཞུ་རྒྱུ་ཕར་བཞག ཚུར་སོ་བརྒྱབ་ནས་ཕྱི་ལོ་༡༩༥༩ ལོ་ནས་ཏཱ་ལའི་བླ་མར་བོད་སྐོར་སྐད་ཆ་བཤད་དབང་མེད་པའི་རྫིག་གཏམ་མ་རབས་མཐིལ་ཕྱིན་དེ་འདྲ་བཤད་བཞིན་ཡོད་སྟབས། དབུ་མའི་ལམ་ལ་ཨུ་ཚུགས་རྒྱག་རྒྱུ་དེ་ནུས་མེད་སེམས་ཆུང་གི་སྐད་ཆར་ཕྱིན་སྟབས། དེ་ལས་ལྡོག་པའི་བྱ་སྤྱོད་སྤེལ་ཐུབ་པ་ཞིག་བྱ་དགོས་ངེས་ཀྱི་དུས་ལ་བབ་ཡོད་པ་དང་། ད་ནི་ང་ཚོའི་རྩ་དོན་ང་ཚོ་བོད་མིས་ཟིན་དགོས་པ་མ་ཟད། ྋགོང་ས་མཆོག་ནས་བཀའ་དྲིན་སྐྱོང་བཞིན་པར་ཡིད་ཆེས་དང༌། མ་འོངས་པའི་སོན་རྩ་གཞོན་ནུའི་ལྟ་བར་གསོ་སྐྱོང་རོགས་རམ་དང༌། བཙན་བྱོལ་བོད་གཞུང༌། སྤྱི་འཐུས་ལྷན་ཁང༌། ྋགོང་ས་མཆོག་གི་མཛད་ཕྱོགས་ཞལ་བསྒྱུར་གྱིས་བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བཙན་འཛུལ་མར་རྒྱུགས་ཤིག་ཟེར་བའི་རྩ་འཛིན་ལེགས་སྒྲིག་དགོས་སྐོར་སོགས་བརྗོད་ཡོད་པ་རེད།

 

ཕྱི་ལོ་ ༢༠༡༤ ལོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོཊ་པས་འགན་འཁུར་འོག དམ་པ་ཁོང་ནས་མི་ཚེའི་མྱོང་ཚོར་ཞེས་པའི་མི་ཚེའི་ལོ་རྒྱུས་དཔེ་དེབ་ཅིག་དཔར་སྐུན་འགྲེམས་སྤེལ་ཞུས་ཡོད་པ་དང་། དཔེ་དེབ་དེར་ཁྱོན་ལེ་ཚན་ ༦ དང་ཤོག་ངོས་ ༢༢༥ ཡོད་པ་དང་། ལེ་ཚན་དང་པོར། ཁོང་ཐོག་མར་བཙོན་ཁང་ནས་ཨ་རིར་སླེབས་ཚུལ་དང་། ཨ་རིར་སླེབས་པའི་བརྒྱུད་རིམ། ལེ་ཚན་གཉིས་པ། ཨ་རིར་འབྱོར་རྗེས་ཀྱི་སྐོར། ལེ་ཚན་གསུམ་པ། ལྷ་སའི་སློབ་ཆུང་དང་པོའི་ནང་དགེ་རྒན་བྱས་པའི་སྐོར། ལེ་ཚན་བཞི་བ། བཙོན་དུ་ཚུད་པའི་སྐོར། ལེ་ཚན་ལྔ་བ། འཁྲུངས་ཡུལ་དང་ཕ་མའི་སྐོར། ལེ་ཚན་དྲུག་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་རང་ཉིད་ཀྱི་ལྟ་ཚུལ་སྐོར་བཅས་སོགས་བཀོད་འདུག་ལ། ད་དུང་ཁོང་གི་ལོ་རྒྱུས་རང་བཞིན་གྱི་སྐུ་པར་ཁག་ཅིག་དང་། ཁྲིམས་གཅོད་དཔང་ཡིག དེ་མིན་གྱི་ཡིག་ཆ་ཁག་ཅིག་བཅས་བཀོད་འདུག

 

དམ་པ་ཁོང་ནི་ཡབ་སྟག་སྣ་གཞོན་པ་བསོད་ནམས་ཚེ་དབང་དང་། ཡུམ་ཀརྨ་ཆོས་སྒྲོན་གཉིས་ཀྱི་བུ་རུ་ཕྱི་ལོ་ ༡༩༢༩ ཟླ་༩  ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཆུ་ཤུལ་རྫོང་ཁོངས་རྟ་དཀར་གཞིས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་༡༩༥༢ ལོ་ནས་ལྷ་སའི་སློབ་ཆུང་དང་པོའི་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༦༤ ལོར་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་རྒྱ་མིས་སྐྱོན་བརྗོད་བྱས་པའི་ལས་འགུལ་ཞིག་འགོ་བཙུགས་ཤིང་། ལྷ་སའི་སློབ་གྲྭ་ཆུང་བ་ཁག་གཉིས་དང་། ལྷ་སའི་རིག་གཞུང་ལས་ཁུངས་ཀྱི་ལས་བྱེད་རྣམས་འཚོགས་ནས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ལ་སྐྱོན་བརྗོད་བྱས་པའི་བསམ་འཆར་ཤོད་པའི་སྐབས། སྟག་སྣ་འཇིགས་མེད་བཟང་པོས་༸པཎ་ཆེན་རིན་པོ་ཆེར་སྐྱོན་བརྗོད་དང་ཐེར་འདོན་བྱ་རྒྱུར་མོས་མཐུན་མ་བྱས་སྟབས་༸པཎ་ཆེན་རིན་པོ་ཆེའི་ཕྱོགས་གཏོགས་སུ་ངོས་བཟུང་སྟེ། ཏང་ནང་ཁུལ་གྲོས་བསྡུར་བྱས་རྗེས་སློབ་གྲྭ་གསུམ་དང་རིག་ལས་ཁུངས་ཟེར་བས་ཁོངས་གཏོགས་ལས་བྱེད་འཛོམས་པའི་ཚོགས་འདུར་ཁོང་ལ་སྐྱོན་བརྗོད་བྱས་པའི་ཐོག ཕྱི་ལོ་ ༡༩༦༥ ལོར་ཐོག་མར་གྲྭ་བཞི་བཙོན་ཁང་དང་དེ་ནས་གསང་ཡིབ་བཙོན་ཁང་དུ་བསྐྱལ་ནས་ལོ་གསུམ་རིང་བཙོན་འཇུག་བྱས་ཡོད་འདུག

 

དེ་བཞིན་ཕྱི་ལོ་ ༡༩༧༠ ལོར་གསར་བརྗེའི་ངོ་ལོག་པར་རྒྱབ་སྐྱོར་བྱེད་མཁན་གྱི་ཉེས་མིང་འོག སླར་ཡང་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་ ༡༠ བཟོས་རྗེས་ཕྱི་ལོ་ ༡༩༨༠ ཟླ་ ༣ ཚེས་ ༩ ལ་བཙོན་གྲོལ་ཐོབ། ཕྱི་ལོ་ ༡༩༨༣ ལོར་ལྷ་སར་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་བར་བརྟེན་ཡང་བསྐྱར་ཐེངས་གསུམ་པ་འཛིན་བཟུང་གིས་དུས་བཀག་བཙོན་འཇུག་ལོ་ ༡༥ བཟོས། ཕྱི་ལོ་ ༡༩༨༨ ལོར་བཙོན་ཁང་ནས་བོད་རང་བཙན་གྱི་སྐད་འབོད་གནང་བའི་རྐྱེན་གྱིས་ཉེས་ཁྲིམས་ལོ་ ༥ སྤར་བ་དང་། ཕྱི་ལོ་ ༡༩༩༢ ལོར་སུད་སིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་མི་ལྔ་གྲྭ་བཞི་བཙོན་ཁང་དུ་གཟིགས་སྐོར་དུ་ཕེབས་སྐབས་སྐད་འབོད་གནང་བར་བརྟེན། དུས་བཀག་བཙོན་འཇུག་ལོ་བརྒྱད་སྤར་བ་བཅས་ཁྱོན་བསྡོམས་མི་ལོ་ཧྲིལ་པོ་ ༣༧ རིང་རྒྱའི་བཙོན་དུ་བཞུགས་དགོས་བྱུང་བས་བཙོན་དུ་བཞུགས་རྒྱུན་རིང་ཤོས་ཀྱི་ཆབ་སྲིད་བཙོན་པར་གྱུར་ཏེ་ལོ་མང་རིང་དཀའ་སྡུག་ཚད་ལས་འདས་པ་མྱངས་ཡོད་པ་རེད།

 

 

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post