རྩོམ་མཁན་ཁཱ་ཧྥེ་ཁཱ། ལོ་ཙཱ་ན་བུན།
རྒྱལ་ཁྲིམས་ཀྱི་མདུན་དུ་སྒོ་སྲུང་བ་ཞིག་སྡོད་ཅིང་།
གྲོང་གསེབ་པ་ཞིག་སྒོ་སྲུང་བ་དེའི་སར་ཡོང་ནས་ཁྲིམས་སྒོའི་ནང་ལོགས་ལ་འགྲོ་རུ་འཇུག་པའི་རེ་བ་ཞུས།
ཡིན་ནའང་སྒོ་སྲུང་བས་ད་ལྟ་ནང་ལ་སོང་མི་ཆོག་ཅེས་བཤད་དོ།
།གྲོང་གསེབ་པས་བསམ་བློ་ཞིག་བཏང་ནས། དེས་ན་རྗེས་སུ་ནང་ལ་འགྲོ་རུ་འཇུག་མིན་དྲིས།
“དེ་འཇོག་ན་ཐང་།” ཅེས་སྒོ་སྲུང་བ་ན་རེ། “འོན་ཀྱང་ད་ལྟ་མ་ཆོག”
ནམ་རྒྱུན་ལྟར་སྐབས་དེ་ཤེད་དུ་ཁྲིམས་སྒོ་ཕྱེ་ནས་བཞག་ཡོད་ཅིང་།
སྒོ་སྲུང་བ་སྒོ་ཆེན་གྱི་ཕྱོགས་གཞན་ལ་སྐོར་ཞིབ་བྱེད་དུ་སོང་།
ཤུལ་དུ་གྲོང་གསེབ་པས་ཕ་རོལ་བོས་མི་མཐོང་བའི་ཆེད་དུ་མགོ་བོ་སྒུར་སྒུུར་བྱས་ནས་ནང་ལོགས་ལ་འཛུལ་རྩིས་བྱས།
སྒོ་སྲུང་བས་ཚུལ་དེ་མཐོང་ནས་ཧབ་དགོད་ཞིག་བྱས་ནས་བཤད་རྒྱུར། “གལ་ཏེ་ཁྱོད་རང་ངོ་མ་འདུག་མི་བཟོད་པར་ཚོད་ལྟ་ཞིག་བྱེད་སྙིང་འདོད་ན།
ངའི་བཀག་སྡོམ་ལ་ཅི་སྙམ་པར་ཚོད་ལྟ་བྱོས། འོན་ཀྱང་ཁྱོས་ཤེས་དགོས་པ་ཞིག་ལ།
སྤྱིར་བཏང་ང་མི་བཙན་པོ་ཞིག་ཡིན་རུང་།
སྒོ་སྲུང་བ་གཞན་དག་དང་བསྡུར་ན་ང་ནི་སྒོ་སྲུང་བ་ཆེས་ཕལ་བའི་ཕལ་བ་ཞིག་ཡིན།
ནང་ལོགས་ཀྱི་ཁང་མིག་རེ་རེར་སྒོ་སྲུང་བ་རེ་ཡོད། ཁོ་ཚོ་གཅིག་ལས་གཅིག་བཙན།
ཐ་ན་ངས་ཀྱང་སྒོ་སྲུང་བ་གསུམ་པའི་ངོར་ཟུར་མིག་ཙམ་ཡང་ལྟ་མི་ཕོད།”
གྲོང་གསེབ་པས་རྒྱལ་ཁྲིམས་ཀྱི་མདུན་དུ་འགྲོ་བར་དེ་འདྲའི་བཀག་རྒྱ་མང་པོ་ཞིག་བཟློག་དགོས་པ་བསམ་པའི་རྒྱུད་ལའང་མ་དྲིན།
ཁོས་སྐྱེ་བོ་ཚང་མ་རྒྱལ་ཁྲིམས་ཀྱི་མདུན་དུ་བཅར་ཆོག་པ་མིན་ནམ་སྙམ།
འོན་ཀྱང་ད་ལྟ་ཁོས་པགས་པའི་སྟོད་གོས་གྱོན་པའི་སྒོ་སྲུང་བ་དེའི་ཆེ་ཞིང་རྒྱང་བའི་སྣ་དང་།
རིང་ཞིང་སྲབ་ལ་ནག་ཅིང་རྩུབ་པའི་ཨག་ཚོམ་ལ་ཞིབ་ལྟ་ཞིག་བྱས་རྗེས།
ཁོས་བསམ་པར་རང་ཉིད་ནང་ལ་འགྲོ་བའི་ཆོག་མཆན་འཐོབ་རག་བར་དུ་ཅིས་ཀྱང་སྒུག་ན་ལེགས་བསམས།
སྒོ་སྲུང་བས་ཁོར་ཤིང་གི་རྐུབ་སྟེགས་ཤིག་སྤྲད་ནས་ཁོ་སྒོ་འགྲམ་གྱི་ཟུར་ཞིག་ཏུ་འདུག་བཅུག་ཅིང་།
དེ་གར་ཁོ་རང་ཉིན་ནས་ལོ་མང་པོར་སྡོད་དགོས་བྱུང་ངོ་།
།ཁོས་རང་ཉིད་ནང་ལ་གཏོང་བར་ཚོད་ལྟ་གང་མང་བྱས་ཟིན།
སྒོ་སྲུང་བའང་རིམ་བཞིན་ཁོའི་རེ་ཞུ་ལ་འདྲིས་ཤིང་ལོབས་ཏེ།
སྒོ་སྲུང་བས་ནམ་རྒྱུན་ཁོར་ཕྱོགས་ཡར་མར་གྱི་སྐད་ཆ་མང་པོ་དྲིས་ཤིང་།
ཁོའི་ཕ་ཡུལ་གྱི་གནས་ཚུལ་དང་དོན་དག་གཞན་མང་པོ་ཡང་དྲིས།
དོགས་འདྲི་དེ་དག་ནི་སྐྱེ་བོ་བྱམས་སེམས་ཅན་ཚོའི་ཆེས་རྒྱུན་ལྡན་གྱི་ཐུགས་ཁུར་ཤ་སྟག་ཡིན་མོད།
མཐའ་གཞུག་ནམ་རྒྱུན་སྒོ་སྲུང་བས་སླར་ཡང་ཁོར་ད་དུང་ནང་ལ་སོང་མི་ཆོག་ཅེས་སྨྲས་སོ།།
གྲོང་གསེབ་པ་ཡུལ་ནས་ཡོང་སྐབས་རང་ལ་ལམ་བྲོ་མང་པོ་ཞིག་གྲ་སྒྲིག་བྱས་ཀྱང་ད་ལྟ་ཚང་མ་རྫོགས་ཚར་སོང་།
སྒོ་སྲུང་བའི་ཆོག་མཆན་འཐོབ་ཆེད་རྩ་ཆེའི་རྒྱུ་དངོས་ཇི་འདྲ་ཞིག་ཡིན་རུང་ཁོས་གཏོང་རྐྱང་བྱས།
ཕྱིས་སུ་སྒོ་སྲུང་བས་ཀྱང་རང་ལ་ཅི་ཞིག་བྱིན་ཡང་ལེན་རྐྱང་བྱས་ཤིང་། ལེན་ཐེངས་རེར།
“ངས་འདི་གཅིག་པུ་ལེན་དོན། ཁྱོད་རང་ཕམ་ཁར་བློ་འགྱོད་མི་སྐྱེ་བའི་ཆེད་དུ་ཡིན།”ཟེར།
ལོ་ཟླ་མང་པོ་མང་པོ་ཞིག་གི་རིང་ལ་གྲོང་གསེབ་པས་ཧ་ལམ་ངལ་བ་མེད་པར་སྒོ་སྲུང་བར་བརྟགས་ནས་བསྡད།
ད་ལྟ་ཁོས་ནང་ལོགས་ཀྱི་སྒོ་སྲུང་བ་གཞན་དག་བརྗེད་ཚར།
ཁོའི་མིག་མདུན་གྱི་སྒོ་སྲུང་བ་དེ་ནི་རང་ཉིད་རྒྱལ་ཁྲིམས་ཀྱི་སྒོ་ནང་དུ་འགྲོ་སའི་དགག་རྐྱེན་གཅུག་པུ་དེ་ཡིན་པར་སེམས།
བར་ཆད་དེ་ལ་ཁོས་དམོད་མོ་བྱས།
འདས་པའི་ལོ་ངོ་དེ་དག་གི་རིང་ལ་ཐོག་མར་ཁོས་ཅི་མི་སྙམ་པར་སྒོ་སྲུང་བར་སྐད་གསེང་མཐོན་པོས་སྡིགས་མོ་ཡང་བྱས།
ཕྱིས་སུ་ལོ་ན་བགྲེས་པོ་ཆགས་པ་དང་ཁོས་ད་དུང་རང་ཉིད་ལ་སྡིགས་སྨྲེ་ལྡབ་ལྡིབ་རེ་འདོན་བཞིན་མཆིས་སོ།
།བྱིས་པའི་སྤྱོད་ཚུལ་དང་འདྲ་བར།
འདས་པའི་ལོ་ངོ་དེ་དག་རིང་ཁོས་སྒོ་སྲུང་བར་རྒྱུས་ལོན་བྱས་པའི་གོ་རིམ་ཁྲོད་ནས།
སྒོ་སྲུང་བའི་པགས་པའི་སྟོད་གོས་ནང་དུ་ཁྱི་ཤིག་ཡོད་པ་ཤེས།
ཐ་ན་ཁོས་ཁྱི་ཤིག་དེ་དག་ལའང་སྒོ་སྲུང་བར་གོ་བསྐོན་བློ་འགུག་བྱེད་རོགས་གནང་བའི་རེ་བའང་ཞུས་སོ།།
ཐ་མར་ཁོའི་མིག་དབང་རིམ་བཞིན་ཉམས་ཀྱི་འདུག
ཁོས་ཉེ་འཁོར་གྱི་བྱ་དངོས་ཡོད་ཚད་ངོ་མ་མུན་མདོག་ཡིན་པའམ།
ཡང་ན་མིག་དབང་གིས་རང་ཉིད་ལ་བསླུ་བྲིད་གཏོང་བ་གང་ཡིན་ཆ་མ་འཚལ།
དེ་ལྟ་ནའང་ད་ལྟ་ཁོས་མུན་ནག་གི་གསེང་ནས་འོད་སྣང་རྟོགས་ཤིང་།
འོད་སྣང་དེས་ཀྱང་ཁོ་རང་རྒྱལ་ཁྲིམས་ཀྱི་སྒོ་ནང་དུ་འཛུལ་བའི་རེ་འདུན་ནི་ཉིན་མོའི་སྐར་མ་ལྟར་བསྐོང་ཐབས་མ་བྱུང་ངོ་།
།ད་ལྟ་ཁོ་རང་འཚོ་བཞུག་གི་ཚེ་ཐག་རིང་པོ་མི་འདུག
མ་ཤི་སྔོན་ལ་ཁོས་རང་ཉིད་རྒྱལ་ཁྲིམས་ཀྱི་སྒོ་ནང་དུ་འཛུལ་མ་ཐུབ་པའི་མྱོང་བ་མ་ལུས་ཕྱོགས་གཅིག་ཏུ་བསྡོམས་དུས།
ཁོས་ད་དུང་སྒོ་སྲུང་བར་མ་བཏོན་པའི་དོགས་འདྲི་གཅིག་ལྷག་ཡོད།
ཁོས་སྒོ་སྲུང་བར་གྱེས་བྲལ་གྱི་གཡབ་མོ་གནང་།
སྐབས་དེ་ནས་བཟུང་ཁོའི་སྲ་མཁྲེགས་སུ་གྱུར་བའི་ཕུང་བོ་ཡར་ལ་འགྲེང་ཐབས་མ་བྱུང་།
དབང་ཆ་མཐོ་དམན་གྱི་ཁྱད་པར་ཆེན་པོ་དེས་གྲོང་གསེབ་པར་འཕྲད་པའི་འགལ་རྐྱེན་སེལ་བས།
སྒོ་སྲུང་བས་ཁོར་གུས་འདུད་ཞུ་དགོས་བྱུང་། “དེ་ནས།
ཁྱོད་ཀྱིས་ད་དུང་ཅི་ཞིག་ཤེས་འདོད་དམ།” ཞེས་སྒོ་སྲུང་བ་ན་རེ།
“ཁྱོད་ལ་ངོ་མ་ཆོག་ཤེས་ཟེར་བ་ཞིག་མི་འདུག་ཨང་།” “མི་ཚང་མས་ཁྲིམས་རྩོད་གནང་གི་ཡོད་པ་རེད།”
ཅེས་གྲོང་གསེབ་པ་ན་རེ། “དེས་ན།
ང་མ་གཏོགས་རྒྱལ་ཁྲིམས་ཀྱི་སྒོ་ནང་དུ་ཐར་བའི་རེ་བ་འདོན་མཁན་གཅིག་ཀྱང་མེད་པ་ཨེ་རེད།”
སྐབས་དེ་ཤེད་དུ་སྒོ་སྲུང་བས་ཁོ་རང་གི་དབུགས་ཆད་ལ་ཉེ་བ་ཤེས་སོང་།
ཤེས་ནས་ཀྱང་དབང་ཤེས་ཉམས་བཞིན་པའི་ཁོའི་རྣ་ལམ་དུ་སྐད་གསང་མཐོན་པོས།
“འཛུལ་སྒོ་འདི་ཆེད་དུ་ཁྱོད་གཅིག་པུར་བཙུགས་པ་ཡིན།
དེ་ནས་བཟུང་ཁྲིམས་སྒོ་འདི་ནས་ནང་ལ་ཐར་མཁན་གཅིག་ཀྱང་མ་བྱུང་།
ད་ནི་ངས་ཁྲིམས་སྒོ་འདི་གཏན་རྒྱུ་ཡིན” ཞེས་སྨྲས་སོ།།
ཧྥ་རན་ཛི་ཁཱ་ཧྥི་ཁཱ་(Franz Kafka 1883–1924)ནི་དུས་རབས་ཉི་ཤུ་བའི་ནུབ་ཕྱོགས་སྒྱུ་རྩལ་རྩོམ་རིག་གི་མེས་པོ་ལྟ་བུ་དང་།
ལྷག་པར་དུ་རྟོག་བཏགས་(fantastic)དང་དངོས་ཡོད་རིང་ལུགས་(realism)རྩོམ་རིག་གི་འཐུས་ཚབ་མི་སྣ་གཙོ་གྲས་སུ་བཞེད། ཁོང་གི་སྐྱེས་ཁུངས་དངོས་ནི་དེང་གི་ཅེག་སྤྱི་མཐུན་རྒྱལ་ཁབ་(Czech
Republic)ཀྱི་གྲོང་ཁྱེར་ཕཱ་རཱ་གྷུ་(Prague)ནང་ཇེའུ་མི་རིགས་ཀྱི་འབྱོར་འབྲིང་ཁྱིམས་རྒྱུད་ཅིག་ཏུ་སྐྱེས་ཤིང་།
གྲོང་ཁྱེར་དེ་གའི་གཙུག་ལག་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་ནས་སློབ་མཐར་ཕྱིན།
ལོ་ན་ཆུང་དུས་ནང་མི་འཆམ་པོ་མེད་རྐྱེན།
ཕྱིས་སུ་ཁཱ་ཧྥེ་ཁཱས་གྱོན་ཆོས་ཁེ་ལས་གཉེར་ནས་འཚོ་བ་བསྐྱེལ་དགོས་བྱུང་།
ཡིན་ནའང་འཚོ་གནས་ཀྱི་དཀའ་ཁག་ཇི་འདྲ་ཕྲད་ཀྱང་ཁོང་གིས་རྩོམ་རིག་གསར་རྩོམ་གྱི་ཕུགས་འདུན་དུས་ནམ་ཡང་དོར་མ་མྱོང་སྐད།
ནུབ་ཕྱོགས་ཀྱི་སྒྱུ་རྩལ་རྩོམ་རིག་ལོ་རྒྱུས་ལྟར་ན།
ཁཱ་ཧྥི་ཁཱ་ཡི་རྩོམ་རིག་གསར་རྩོམ་གྱི་སྨྱུག་ཁ་གཏོད་ས་གཙོ་བོ་མིའི་རིགས་ཀྱི་འཚོ་གནས་བདེ་སྲུང་དང་རྟོག་སད་ཀྱི་ཅོང་བརྡ་གཏོང་རྒྱུ་དེ་ཡིན་པར་བཞེད་ཅིང་།
དེ་ཡང་ཁོང་གི་ཚབ་མཚོན་སྒྲུང་རིང་《ཨ་མི་རེ་ཀ་》(Amerika)「གར་སོང་ཆ་མེད་དུ་གྱུར་བའི་མི།」དང་།
སྒྲུང་རིང་གཅེས་བསྡུས་《མཁར་རྫོང་དང་ཁྲིམས་བཤེར་》(The Castle & The Trial)།
སྒྲུང་ཐུང་《གཟུགས་འགྱུར་》(Metamorphosis)དང་《ཁྲིམས་ཀྱི་མདུན་དུ་》(Before the
Law)དང་《གྲོང་གསེབ་ཀྱི་ལྷ་རྗེ་》(A Country Doctor)སོགས་ཀྱིས་མཚོན་པར་སྨྲ།