མདང་དགོང་གི་ཨ་རིའི་སྲིད་འཛིན་གྱི་རྩོད་པ་ཧ་ཅང་གི་ཡག་པོ་བྱས་བ་མ་ཟད། མདོ་འཛིན་མ Kristen Welker ས་དྲང་ཚུགས་ཐུབ་པའི་མདོ་འཛིན་ཧ་ཅང་གི་ཡག་པོ་བྱས་བས། བགྲོ་གླེང་གསུམ་ལས་མོས་མདོ་འཛིན་ཡག་ཤོས་བྱས་ཡོད། སྡུག་ཤོས་ནི་བགྲོ་གླེང་དང་པོའི་མདོ་འཛིན་པ Wallace གྱུར་ཡོད། ཁོས་དྲང་ཚིག་མ་ཐུབ་པ་བྷར་སྒྲན་ལ་རོགས་པ་བྱས་ཤིང་། བྷར་སྒྲན་གྱིས་ཚབ་ཏུ་ཁྲོ་རྒན་ལ་རོགས་པ་བྱས་ཡོད།
ཁྲོ་རྒན་ནི་སྟག་ལྟར་འཁྲུག་རྩོད་པ་ཡིན་པས། མདོ་འཛིན་པས་ཁོ་ལ་དགག་པ་བྱས་ཚེ། ཁོས་རང་ཚོད་བཟུང་ཞིང་། དེ་ལ་བཟོད་སྒོམ་བྱེད་མི་ཐུབ་པས། མདོ་འཛིན་པ་ལ་དགག་པ་བྱེད་ཕྱིན། བགྲོ་གླེང་དང་པོ་དང་། གཉིས་པར་ཁྲོ་རྒན་གྱིས་མདོ་འཛིན་པ་ལ་རྩོད་པ་ཤུགས་ཆེན་བྱས་ཤིང་། རྩོད་པ་དེ་ཙམ་ལམ་ལྷོང་བྱུང་མེད། དེར་བརྟེན། བགྲོ་གླེང་གསུམ་པ་ནི། ཁྲོ་རྒན་ལ་མཚོན་ན་ཧ་ཅང་གི་གནད་འགག་ཏུ་གྱུར་ཡང་། ཁོས་མདང་དགོང་རང་ཚོད་ཟིན་ཅིང་། མདོ་འཛིན་པ་ཡིན་ཡང་། འོས་མི་གཉིས་ལ་འདྲ་མཉམ་གྱིས་དྲི་བ་བཏང་ཞིང་། འདྲ་མཉམ་དང་། དྲང་བདེན་གྱིས་ལན་འདེབས་བྱེད་པའི་གོ་སྐབས་སྤྲད་པས། ཁྲོ་རྒན་དགའ་ནས་མདང་དགོང་ཞི་འཇམ་གྱིས་བགྲོ་གླེང་ལྷུག་པོར་གནང་ཐུབ་ཡོད། རྒྱུ་མཚན་ནི། མདོ་འཛིན་པས་དྲང་བདེན་གྱི་དྲི་བ་མ་བཏང་ཞིང་། དྲི་ལན་འདེབས་པའི་གོ་སྐབས་འདྲ་མཉམ་དུ་མ་སྤྲད་ཅིང་། ལྷག་པར་དུ་མདོ་འཛིན་པས་ཁོ་ལ་རྩོད་པ་བྱས་ཚེ། ཁྲོ་རྒན་ཁྲོས་ནས། ཁོང་ཁྲོས་ལངས་ཤིང་། མཚམས་རེར་ཁོང་ཁྲོས་ཁོ་ལ་དབང་བསྒྱུར་ཏེ། མ་དྲང་བའི་གནད་དོན་དེ་ཁོའི་བསམ་བློའི་ནང་དུ་ཡང་ཡང་འཁོར་ནས། བགྲོ་གླེང་གི་བརྗོད་གཞི་གཞན་ལ་དམིགས་པ་གཏད་མི་ཐུབ་པ། རྩོད་པ་ཤོར་ནས། བགྲོ་གླེང་གི་དུས་ཚོད་འཕྲོ་བརླགས་སུ་བཏང་ཡང་། མདང་དགོང་གཙོ་སྐྱོང་བས་དྲང་ཚིག་ཐུབ་པའི་སྒོ་ནས་ལས་དོན་སྤེལ་བས་བགྲོ་གླེང་ཡག་པོ་བྱུང་ཡོད། མ་གཞི་མདོ་འཛིན་མ་ནི་ཨོ་བྷ་མའི་རྒྱབ་སྐྱོར་བ་ཡིན་ཞིང་། བྷར་སྒྲན་ལ་དགའ་མཁན་ཡིན་པས། ཁྲོ་རྒན་གྱི་རྒྱབ་སྐྱོར་བ་མང་པོ། མོས་མདོ་འཛིན་བྱེད་པར་འདོད་པ་ཁེངས་མེད་ཀྱང་། མདང་དགོང་མོས་བསམ་ཡུལ་ལས་འདས་བའི་རྩོད་སྐྱོང་བྱེད་ཐུབ་ཡོད། དེར་བརྟེན། ཕྱོགས་གཉིས་ཀས་མོ་ལ་སྐྱོན་བརྗོད་བྱེད་ས་རེག་མེད།
བྷར་སྒྲན་ཡིན་ཡང་། མདང་དགོང་ཁོས་སྐྱར་ཟློས་དང་བརྡབ་སྐྱོན་མེད་པ་རང་གི་འདོད་ཚུལ་དང་། སྲིད་ཇུས་འཛིན་ཕྱོགས་ཀུན་ཨ་རིའི་མི་མང་ལ་གསལ་བྱེད་ཡག་པོ་བྱས་མ་ཟད། ཁོས་ཁྲིམས་འགལ་གྱི་བྱ་བ་བསྒྲུབ་ནས། ཕྱི་རྒྱལ་གྱི་རྒྱལ་ཁབ་གང་ནས་སྒོར་མོ་སྐར་གཅིག་ཀྱང་ཟོས་མེད་ཁར། ཁོའི་བུ་ཡིས་ཁྲིམས་འགལ་གྱིས་སྒོར་མོ་བླངས་མེད་ཚུལ་དང་། ལྷག་པར་དུ་ཉེ་ཆར་ཕྱི་རུ་ཐོན་ལའི་ཁོའི་བུ་ཡི་ལག་ཁྱེར་གློག་ཀླད་ནི་ཨུ་སུ་རུའི་གཡོ་ཇུས་ཡིན་ཚུལ་བསྒྲུབས་འདུག བྷར་སྒྲན་གྱིས་མུ་མཐུད་དུ་རྒྱ་ནག་ནས་སྒོར་མོ་བཟོ་མཁན་ནི་ཁྲོ་རྒན་ཡིན་ཞིང་། ཁྲོ་རྒན་གྱིས་རྒྱ་ནག་གི་ནང་དུ་ཐེངས ༥༠ ལ་དཔྱ་ཁྲལ་འཇལ་འདུག་ལབ་འདུག ཁྲོ་རྒན་གྱིས་ཁོས་རྒྱ་ནག་ལ་ཚོང་འབྲེལ་བྱེད་མཁན་གྱི་མི་ས་ཡ་མང་པོ་ཡོད་པ་བཞིན། ང་ཡང་དང་པོར་དེ་བཞིན་ཡིན་ཁར། ང་ནི་ཚོང་བ་ཡིན་པས་ཕྱི་རྒྱལ་གྱི་རྒྱལ་ཁབ་མང་པོར་ཚོང་བྱེད་ཀྱི་ཡོད། ངས་རྒྱ་ནག་དང་ཚོང་བྱེད་འདོད་སྐྱེས་ཏེ་༢༩༡༣ ལོར་རྒྱ་ནག་གི་དངུལ་བྱང་བཟོས་ཀྱང་། རྗེས་ང་དེ་ལ་མ་དགའ་བས་ངས ༢༠༡༥ ལོར་རྒྱ་ནག་གི་དངུལ་བྱང་གི་སྒོ་བརྒྱབས་ཡོད་དྲན་གྱི་ཡོད། མདོར་ན། ང་སྲིད་འཛིན་དུ་མ་བསྡད་པའི་སྔོན་དུ་རྒྱ་ནག་གི་དངུལ་བྱང་ཡོད་ལ། ཁོ་ནི་སྲིད་འཛིན་གཞོན་པར་བསྡད་རྗེས་སུ་ཚོང་འབྲེལ་བྱས་བས་ངེད་གཉིས་ཐ་དད་རེད་ལབ་འདུག
བྷར་སྒྲན་གྱིས་ཁོ་ལ་སྲིད་འཛིན་ཐོབ་པ་ཡིན་ན་ཁོས་ཨ་རིའི་གྲོགས་པོ་ཚོ་དང་ལྷན་དུ་རྒྱ་ནག་རྒྱལ་སྤྱིའི་ཁྲིམས་ལ་གུས་བཀུར་བྱེད་པར་གཙིར་རྒྱུ་ཡིན་ཚུལ་བརྗོད་ཀྱི་འདུག་ཀྱང་། ཁྲོ་རྒན་གྱིས་ཨ་རིའི་གྲོགས་པོ་ཚོའི་རྒྱབ་སྐྱོར་ཡོད་མེད་ལ་ལྟོས་བ་མེད་པ། ཁོ་རང་གིས་རྒྱ་ནག་གཙིར་འདོད་ཡོད་ན། ཨ་རི་གཅིག་བུ་ཡིན་ཡང་། རྒྱ་ནག་གཙིར་རྒྱུའི་སྲིད་ཇུས་ད་ལྟ་འགྲོ་མུས་ཡོད་བཞིན་ཡིན་པས། འདི་ནི་ཁྲོ་རྒན་དང་། བྷར་སྒྲན་གཉིས་ཀྱིས་རྒྱ་ནག་གི་སྒང་ལ་ལྟ་ལྟངས་མི་འདྲ་བ་གཙོ་བོ་དེ་རེད། ཨ་རིའི་གྲོགས་པོ་ཚོ་དང་ལྷན་དུ་རྒྱ་ནག་གཙིར་དགོས་ན། ཡོ་རྒྱལ་ཚོས་དེ་ལ་མཉམ་ཞུགས་དེ་ཙམ་མི་བྱེད་པ་གསལ་བོ་ཡིན་པས། རྒྱ་ནག་གཙིར་རྒྱུར་ནང་ཁ་མི་འཆམ་པ་ཞིང་། གྲོས་ཁ་མཐུན་ཡང་དུས་ཚོད་འགོར་བ་གསལ་བོ་རེད། དེ་ལས་ཁྲོ་རྒན་གྱི་སྲིད་ཇུས་ལྟར་ཨ་རི་དང་པོར་ཕྱིན་པ་ཡིན་ན། རྗེས་སུ་ཨ་རིའི་གྲོགས་པོ་ཚོ་མཉམ་ཞུགས་བྱེད་ངེས་རེད།
སྲིད་འཛིན་གྱི་རྩོད་པ་དང་པོ་ཡི་སྐབས་སུ་བྷར་སྒྲན་གྱིས་ཡག་པོ་བྱས་ཤིང་། ཁོ་ལ་རྒྱལ་ཁ་གང་མཚམས་ཐོབ་ཡོད་ཀྱང་། བྷར་སྒྲན་གྱི་སྲིད་འཛིན་གཞོན་པ་ཀ་མ་ལ་ཡིས་རྒྱ་ནག་ལ་རྒྱབ་སྐྱོར་བྱས་ཤིང་། གཡོན་ཕྱོགས་པའི་ལྟ་བ་ཤུགས་ཆེ་བཟུང་བས་སྲིད་འཛིན་གཞོན་པའི་རྩོད་པ་ཡི་སྐབས་སུ་མོ་ཕམ་ཉེས་བྱུང་བས། མོས་བྷར་སྒྲན་མར་ལ་འཐེན་ཡོད།
ཉེ་ཆར་ནེའུ་ཡོག་གི་དུས་བབས་ཀྱིས་ཁྲོ་རྒན་གྱི་རྒྱ་ནག་གི་དངུལ་བྱང་ད་དུང་ཡང་ཡོད་ཚུལ་དང་། དེ་སྔོན་དངུལ་བྱང་དེ་རྒྱུད་ནས་ཁྲོ་རྒན་གྱིས་༢༠༡༣- ༢༠༡༣ བར་རྒྱ་ནག་ལ་ཨ་སྒོར་འབུམ་གཅིག་དང་ཁྲི་བརྒྱད་ཀྱི་དཔྱ་ཁྲལ་སྤྲད་ཚུལ་བརྗོད་འདུག མ་ཟད ༢༠༡༨ ལོའི་བར་དུ་ཁྲོ་རྒན་གྱིས་ཁང་བའི་ཐོག་རྩ་གསུམ་རྒྱ་ནག་གི་དངུལ་ཁང་གིས་གླས་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་ནག་གིས་ཁྲོ་རྒན་སྲིད་འཛིན་དུ་བསྡད་རྗེས་སུ་ཁོ་ལ་ཤུགས་རྐྱེན་སྤྲད་རྒྱུའི་ཆེད་དུ་ཁོའི་ཁང་བ་སོགས་གླས་བ་མ་ཟད། ཁྲོ་རྒན་གྱི་བུ་མོ་ལ་ཡང་། རྒྱ་ནག་གི་ཚོང་གི་ལས་རྟགས་སྤྲད་ནས་མངོན་པ་མི་གསལ་བའི་འབྲེལ་བ་བྱས་ཀྱང་། ད་དུང་རྒྱ་ནག་གི་ལམ་ལྷོང་བྱུང་མེད་པ་གསལ་བོ་རེད། མ་ཟད་རྒྱ་གཞུང་དང་འབྲེལ་བ་ཡོད་པའི Xiao Yan Chen གྱིས་ཁྲོ་རྒན་གྱི་བུ་མོའི་ལག་ནས་གོང་ཆེན་སྤྲད་དེ་ཁང་བ་ཉོས་འདུག་པས། ཁྲོ་རྒན་ལ་སྲིད་འཛིན་ཐོབ་རྗེས་སུ་རྒྱ་ནག་གིས་ཐབས་ཤེས་ཡོད་དགུ་བཏོན་ནས་སླུ་ཐབས་བྱས་ཡོད་པ་གསལ་བོ་རེད། ལྷག་པར་དུ་མ་ཡོན་ནམ Jack Ma ལྟ་བུ་ཡིན་ཡང་། ཁྲོ་རྒན་ལ་ཐུག་ནས་ཁོས་ཨ་རིའི་ནང་དུ་མི་ས་ཡ་གཅིག་ལ་ལས་ཀ་སྤྲད་རྒྱུ་ཁས་ལེན་བྱས་ཡོད། དེར་བརྟེན། རྒྱ་ནག་གི་སྒོར་མོ་འདི་ལ་ངོ་རྒོལ་བྱེད་རྒྱུ་སུ་ཡིན་ཡང་། དཀའ་ངལ་གྱུར་ཡོད། ཡིན་ཡང་། ཁྲོ་རྒན་ནི་གཤིས་སྤྱོད་གྱོང་ཞིང་། སྤྱང་བའི་ཚོང་བ་ཡིན་པས་རྒྱ་ནག་གིས་ཁོ་དེ་ཙམ་བསླུ་ཐུབ་ཀྱི་མེད་པ་གསལ་བོ་རེད།
———ཨ་ནུ་ཐང་བསོད་ནམས།
Tags:
སྐབས་དོན་གསར་འགྱུར།