ལོ་མ་རྒྱལ་གྱིས་བསྒྱུར།
སྟོན་ཁའི་ཉིན་ཞིག་ལ་ང་གླིང་ག་ཞིག་ཏུ་ཡོད། སྐབས་དེར་ངའི་བསམ་བློ་སྙིང་གཟུགས་སུ་གྲུབ་པའི་ཡིད་འོང་གི་ལོ་མ་ཆུང་ཆུང་ཞིག་ལ་འཐིམས། ལོ་མ་དེའི་ཁ་དོག་ཧ་ལམ་དམར་པོ་ཞིག་རེད་ལ། ཡལ་གའི་སྟེང་ནས་ས་ལ་ཟགས་པར་ཉེ། ང་ལོ་མ་དེ་དང་ལྷན་དུ་ཡུན་རིང་ཞིག་ཏུ་བསྡད་དེ་དེར་དྲི་བ་མང་དག་ཅིག་དྲིས་པ་ན། ལོ་མ་དེ་ནི་ཤིང་སྡོང་འདིའི་ཨ་མ་ཡིན་པར་ཤེས་བྱུང་།
ནམ་རྒྱུན་ང་ཚོའི་བསམ་བློ་གཏོང་སྟངས་ལྟར་ན།
ཤིང་སྡོང་ནི་ཨ་མ་དང་ལོ་མ་ནི་བྱིས་པ་ཁོ་ན་ཡིན། འོན་ཀྱང་། ངས་ལོ་མ་དེར་བརྟག་པ་ལྟར་ན།
ལོ་མ་འདི་ཤིང་སྡོང་འདིའི་ཨ་མའང་རེད། ཅིའི་ཕྱིར་ཞེ་ན།
ཤིང་སྡོང་གི་རྩ་བས་འཐེན་པའི་ཤིང་ཆུ་ནི་གཏེར་རྫས་དང་ཆུ་འབའ་ཞིག་ཡིན་ལ།
དེ་ཁོ་ནས་ཤིང་སྡོང་ལེགས་པར་སྐྱེ་མི་ཐུབ། དེར་བརྟེན།
ཤིང་སྡོང་གིས་ཤིང་ཆུའི་ལས་འགན་དེ་ལོ་མར་ཡང་སྤྲད་ཡོད།
ལོ་མས་ཤིང་སྡོང་གི་སྐྱེ་འཕེལ་གྱི་སླད་དུ་ཉི་འོད་དང་རླུང་ལ་བརྟེན་ནས་ཤིང་ཆུ་རགས་པ་དེ་ཤིང་ཆུ་ཕྲ་མོའི་ངོར་བསྒྱུར་ཏེ་ཕྱིར་ཤིང་སྡོང་ལ་གཏོང་བ་ཡིན།
དེའི་ཕྱིར། ལོ་མ་ནི་ཤིང་སྡོང་གི་ཨ་མའང་ཡིན།
སྡོང་པོའི་གཞུང་རྟས་ལོ་མ་དང་ཤིང་སྡོང་གཉིས་སྦྲེལ་ཡོད་པར་བརྟེན།
དེ་གཉིས་ཀྱི་འབྲེལ་བ་སླ་བོར་མཐོང་ཐུབ་པ་ཞིག་རེད།
ང་ཚོར་རང་གི་ཨ་མ་ལ་སྦྲེལ་བྱེད་ཀྱི་གཞུང་རྟ་ཞིག་མེད་ནའང་།
ཨ་མའི་མངལ་དུ་ཡོད་སྐབས་ལྟེ་ཐག་རིང་པོ་ཞིག་ཡོད།
རང་ཉིད་ལ་མཁོ་བའི་དབྱང་རླུང་དང་ཟས་བཅུད་ལྟེ་ཐག་དེ་བརྒྱུད་ནས་ཡོང་། སྟབས་མ་ལེགས་པ་ཞིག་ལ།
སྐྱེས་སྐར་ཞེས་འབོད་པའི་ཉིན་དེར་ལྟེ་ཐག་བཅད་པ་ན། རང་ཉིད་ནི་གཞན་ལ་མ་བརྟེན་པའི་ཚུགས་ཐུབ་པ་ཞིག་ཡིན་སྙམ་པའི་འཁྲུལ་སྣང་འབྱུང་གི་ཡོད།
འདི་ནི་ནོར་འཁྲུལ་ཞིག་ཡིན།
ང་ཚོ་ད་དུང་མུ་མཐུད་ནས་ཡུན་རིང་པོ་ཞིག་ལ་ཨ་མར་བརྟེན་དགོས།ད་དུང་ང་ཚོར་ཨ་མ་གཞན་ཡང་ཁ་ཤས་ཡོད།
དཔེར་ན་ས་གཞི་ནི་ང་ཚོའི་ཨ་མ་ཡིན།
ང་ཚོར་ས་གཞི་མ་མར་སྦྲེལ་བྱེད་ཀྱི་གཞུང་རྟ་མང་པོ་ཡོད། ང་ཚོ་སྤྲིན་པར་སྦྲེལ་བྱེད་ཀྱི་གཞུང་རྟ་ཞིག་ཡོད།
སྤྲིན་པ་མེད་ན་ང་ཚོར་འཐུང་ཆུ་མེད། ང་ཚོ་མ་མཐའ་ཡང་བརྒྱ་ཆའི་བདུན་ཅུ་ཆུས་གྲུབ་ཡོད་ལ།
ང་ཚོ་དང་སྤྲིན་པ་བར་གྱི་གཞུང་རྟ་དེ་ནི་དངོས་གནས་ཡོད་པ་ཞིག་ཡིན། འདི་ནི་གཙང་པོ་དང་།
ནགས་ཚལ། ཤིང་མཁན། ཞིང་པ་བཅས་ལའང་དེ་ལྟར་ཡིན། འཇིག་རྟེན་གྱི་ཆོས་ཐམས་ཅད་ང་ཚོར་སྦྲེལ་བྱེད་ཀྱི་གཞུང་རྟ་སྟོང་ཕྲག་མང་པོ་ཡོད་པས།
ང་ཚོ་གཞི་ནས་གྲུབ་ཡོད། ཁྱོད་ཀྱིས་ང་དང་ཁྱོད་བར་གྱི་འབྲེལ་བ་དེ་ཤེས་སམ།
ཁྱོད་དེ་ན་མེད་ན། ང་འདི་ན་མེད། འདི་ནི་གསལ་པོ་ཞིག་རེད།
གལ་ཏེ་ཁྱོད་ཀྱིས་ད་དུང་དེ་མི་ཤེས་ན། སྔར་ལས་ཞིབ་མོར་བརྟག་དཔྱད་གྱིས་དང་།
ཁྱོད་ཀྱིས་དེ་ཤེས་ངེས་ཡིན། ངས་བཤད་པ་ལྟར། འདི་ནི་ལྟ་གྲུབ་ཅིག་མིན།
ཁྱོད་ཀྱིས་དངོས་གནས་འདི་ཤེས་དགོས།
ངས་ལོ་མ་དེར་འདི་ལྟར་དྲིས།
སྟོན་ཁ་སླེབས་པ་ན་ལོ་མ་ལྷུང་བཞིན་ཡོད་པས་འཇིགས་སྣང་སྐྱེའམ། ལོ་མ་དེས་ངར་བརྗོད་དོན།
འཇིགས་སྣང་མི་སྐྱེ། དཔྱིད་ཀ་དང་དབྱར་ཁར་ང་ལ་གསོན་ཤུགས་ཀྱིས་ཁེངས་ཡོད།
ངས་ཤིང་སྡོང་འདིའི་སྐྱེ་འཕེལ་གྱི་ཆེད་དུ་ལས་ལ་བརྩོན་ཏེ་རོགས་བྱས་ཡོད་ལ།
ངའི་ཆ་ཤས་མང་པོ་ཞིག་ཤིང་སྡོང་འདིའི་རྒྱུད་དུ་ཡོད།
ང་ནི་ལོ་མ་འདིའི་རྣམ་པ་ཙམ་ཞིག་ཡིན་པར་མ་འདོད་རོགས།
ལོ་མའི་རྣམ་པ་འདི་ནི་ངའི་ཆ་ཤས་ཆུང་ངུ་ཞིག་ཡིན། ང་ནི་ཤིང་སྡོང་འདི་ཧྲིལ་པོ་ཡིན།
ང་རང་ཤིང་སྡོང་འདིའི་རྒྱུད་དུ་ཡོད་པ་ཤེས་ཡོད་ཅིང་། ཕྱིར་ས་ལ་འཐིམས་དུས།
མུ་མཐུད་ནས་ཤིང་སྡོང་འདིའི་སྐྱེ་འཕེལ་ལ་རོགས་འདེགས་བྱ་ངེས།
འདི་ནི་ངས་སེམས་ཚེགས་བྱེད་ཀྱི་མེད་པའི་རྒྱུ་མཚན་དེ་ཡིན། དེར་བརྟེན།
ང་རང་ཡལ་ག་ལས་བྲལ་ཏེ་ས་རུ་ཟགས་སྐབས། ཤིང་སྡོང་ལ་ལག་བརྡ་བྱེད་ཞོར་ཁོ་མོར་འདི་ལྟར་བཤད་ངེས་ཏེ།
མགྱོགས་པོར་ཁྱེད་དང་སླར་ཡང་མཇལ་ཡོང་།
ངས་གློ་བུར་དུ་ཤེས་རབ་སྙིང་པོའི་ནང་དུ་གསལ་བའི་ཤེས་རབ་དང་ཤིན་ཏུ་ཆ་འདྲ་བའི་ཤེས་རབ་ཅིག་ཤེས་བྱུང་།
ཁྱོད་ཀྱིས་ཚེ་སྲོག་ཤེས་དགོས། ཁྱོད་ཀྱིས་ལོ་མ་དེའི་ཚེ་སྲོག་ཅེས་བཤད་མི་འོས།
ཁྱོད་ཀྱིས་ལོ་མ་དེའི་རྒྱུད་ཀྱི་ཚེ་སྲོག་དང་ཤིང་སྡོང་དེའི་རྒྱུད་ཀྱི་ཚེ་སྲོག་ཅེས་བཤད་དགོས།
ངའི་ཚེ་སྲོག་ནི་ཚེ་སྲོག་ཙམ་ཞིག་རེད།
ཁྱོད་ཀྱིས་དེ་ངའི་རྒྱུད་དང་ཤིང་སྡོང་གི་རྒྱུད་ནས་མཐོང་ཆོག ཉིན་མོ་དེར་རླུང་གཡུགས་ཏེ་ཡུན་རིང་མ་སོང་བར་ལོ་མ་དེ་ཡལ་ག་དང་བྲལ་ཏེ་སྤྲོ་བའི་ཉམས་ཀྱིས་སར་ཟགས།
རྒྱུ་མཚན་ནི་དེས་རང་ཉིད་ས་ལ་ཟགས་སྐབས་རང་ཉིད་ཤིང་སྡོང་དེའི་རྒྱུད་དུ་ཡོད་པ་ཤེས་ཡོད།
འདི་ནི་ཇི་འདྲའི་སྤྲོ་སྣང་ལྡན་པ་ཞིག་རེད་ཨང་། ངས་མགོ་བོ་སྒུར་ཏེ་གུས་འདུད་ཞུས།
ལོ་མ་འདི་ལས་ང་ཚོས་སྦྱོང་དགོས་པ་ཤིན་ཏུ་མང་པ་ཤེས་བྱུང་།
རྒྱུ་མཚན་ནི་དེས་སྐྱེ་བ་མེད་པ་དང་འཆི་བ་མེད་པའི་གནས་ལུགས་འདི་རྟོགས་ཏེ་འཇིགས་སྣང་དང་བྲལ་བ་ཞིག་རེད།