བོད་ཡིག་གཙོ་བོའི་སློབ་གསོའི་ལམ་ལུགས་ལ་འགྱུར་བ་འབྱུང་མི་ཉན།



རྩོམ་འབྲི་མཁན། སྒྲོལ་མ་སྐྱབས།(མཐའ་སྒྲོལ།)

 རྔ་བ་ཁུལ་གྱི་བོད་ཡིག་གཙོ་བོའི་སློབ་སྒྲུབ་ལམ་ལུགས་ལག་བསྟར་བྱེད་ས་མང་ཕྱོགས་ཧོང་ཡོན༼ཁྱུང་མཆུ༽དང་།རྔ་བ། མཛོད་དགེ་བཅས་རྫོང་གསུམ་ན་ཡོད། ཡིན་ནའང་། འཛམ་ཐང་དང་ཟུང་ཆུ་གཉིས་སུ་ལག་བསྟར་བྱེད་མཁན་ཉུང་།སློབ་སྒྲུབ་ལམ་ལུགས་དེ་གཉིས་ལ་རིག་གཞུང་གི་སྐད་ཆ་ལྟར་ན། སློབ་སྒྲུབ་ཐབས་ལམ་དང་པོ་དང་གཉིས་པ་ཞེས་འབོད།རྩོམ་ཐུང་འདི་གོ་སླ་བའི་ཆེད། ཁ་བྱང་བོད་ཡིག་གཙོ་ཕལ་ལྟར་བཏགས་པ་ཡིན།

       དེས་ན།རྩོམ་ཐུང་འདིའི་ནང་། རྔ་བ་ཁུལ་གྱི་ཐབས་ལམ་དང་པོའི་སྐོར་མང་པོ་མི་བཤད།དེ་ལ་བཤད་རྒྱུ་ཆེན་པོ་མེད། རྔ་བ་ཁུལ་སྤྱི་ལ་མཚོན་ན། ཐབས་ལམ་དང་པོའི་སློབ་གྲྭ་དང་སློབ་མ་ཉུང་ནའང་།སློབ་གྲྭ་དེ་དག་གི་སློབ་གསོའི་རྐང་རྩ་ལོ་རེ་བཞིན་ཇེ་བཟང་ཡིན།དེ་ནི་ལོ་རེའི་འབྲིང་རྒྱུགས་དང་། མཐོ་རྒྱུགས་ཀྱི་རྒྱུགས་འབྲས་ཀྱིས་གསལ་བཤད་གནང་ཡོད།

རྩོམ་ཐུང་འདིའི་ནང་ཐབས་ལམ་དང་པོར་འཕྲད་པའི་དཀའ་ངལ་ཁ་ཤས་བརྗོད་པར་འདོད་ཅིང་།ཞོར་ཏུ་ད་ཡོད་ཐབས་ལམ་དང་པོའི་སློབ་གྲྭ་ཁག་ཡ་ཐོད་ཀྱི་མིག་ལྟར་གཅེས་སྤྲས་བྱེད་དགོས་པར་འབོད་སྐུལ་ཞིག་ཀྱང་བྱེད་བསམ་པ་ལགས་སོ།།


༡ ཐབས་ལམ་དང་པོ་བསྒྱུར་དགོས་པ་ཞེས་པ་ཁྲིམས་ལུགས་དང་།སྲིད་ཇུས་ཤིག་མ་ཡིན་པར། དེ་ནི་སློབ་གསོའི་བྱ་བ་དང་འབྲེལ་བ་ཡོད་པའི་འགོ་ཁྲིད་རེ་གཉིས་ཤིག་གི་སློབ་གསོའི་ངོས་འཛིན་ལ་ཐུག་ཡོད།དེས་ན། མི་རིགས་ས་ཁུལ་གྱི་སློབ་གསོ་དང་འབྲེལ་པའི་ལས་བྱེད་པ་དང་།ལྷག་ཏུ་འགོ་ཁྲིད་ཅིག་ཡིན་པ་ལ། སློབ་གསོ་རིག་པ། སེམས་ཁམས་རིག་པ། མིའི་རིགས་རིག་པ།རྒྱལ་ཁབ་ཀྱི་རྩ་ཁྲིམས། མི་རིགས་རང་སྐྱོང་ས་ཁུལ་གྱི་ཁྲིམས་སོགས་ཤེས་མཁན་ཞིག་ཡིན་དགོས་པ་གལ་ཆེན་ཡིན་པ་ཤེས་སྲིད།ང་ཚོས་རྗེས་སུ་མི་རིགས་ས་ཁུལ་གྱི་འགོ་ཁྲིད་ཅིག་གི་བྱས་རྗེས་ལ་ལྟ་དུས། འགོ་ཁྲིད་ཀྱིས་མི་རིགས་ས་ཁུལ་གྱི་མི་མང་གིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ན་འདོད་པའི་རེ་བ་མུ་མཐུད་དུ་སྐོང[①]ཐུབ་ཡོད་མེད་ལ་བལྟ་དགོས།


༢  དེས་ན། རྔ་བ་ཁུལ་གྱི་རྫོང་ཁ་ཤས་ཀྱི་མི་མང་ལ་ཕ་སྐད་གཙོ་བོའི་སློབ་གསོ་མུ་མཐུད་དུ་སྤེལ་ན་འདོད་པའི་རེ་བ་ཧ་ཅང་ཆེ།མི་མང་ལ་དཔལ་འབྱོར་འཕེལ་རྒྱས་ཀྱི་རེ་འདོད་ཡོད་ལ། མི་མང་ལ་རིག་གནས་དང་། ཕ་སྐད་སློབ་གསོ་མུ་མཐུད་དུ་མྱོང་ན་འདོད་པའི་རེ་བའང་ཡོད།དེའི་ཕྱིར། སྲིད་གཞུང་གི་ལས་བྱེད་པས་བྱ་བ་ཅི་ཞིག་སྒྲུབ་ན། ཁྲིམས་ཀྱི་གཞི་འཛིན་ས་དགོས་པར་མ་ཟད།ཀྲུའུ་ཞི་ཡི་སྐད་ཆ་དང་སྲིད་ཇུས་གཉིས་ཀྱང། བསམ་བློ་ལ་མཛུབ་སྟོན་གནང་བྱེད་ཅིག་ཡིན་པ་བརྗེད་ག་ལ་རུང་།ལྷག་ཏུ་གཞུང་གི་ལས་བྱེད་པ་ཚོས་བརྗེད་མི་ཆོག་གོ །

༣  བྱིས་པ་ཞིག་ཨ་མའི་མངལ་དུ་ཆགས་ནས།མཐོ་འབྲིང་སློབ་མཐར་མ་ཕྱིན་བར། ཕ་སྐད་སློབ་གསོ་གཙོ་བོར་འཛིན་དགོས་པ།སློབ་གསོ་རིག་པའི་ནང་གི་རྩོད་གཞི་མེད་པའི་རིགས་པ་ཞིག་ཡིན། དེས་ན།རང་གི་ཕ་སྐད་ཀྱི་ཁོར་ཡུག་ནས་ལག་ཆགས་པའི་བྱིས་པ་ཞིག་ལ་མཚོན་ན།ཕ་སྐད་ཀྱི་སློབ་གསོ་མྱོང་བ་ནི། མི་ལ་ལྷན་སྐྱེས་ནས་ཡོད་པའི་ཐོབ་ཐང་ཞིག་ཡིན་པར་མ་ཟད།བདེ་སྐྱིད་ཅིག་ཀྱང་ཡིན། སུ་ཞིག་ལ་ཡང་བྱིས་པར་ལྷན་སྐྱེས་ནས་ཡོད་པའི་ཐོབ་ཐང་དང་།བདེ་སྐྱིད་དེ་མེད་པར་བཟོ་བའི་དབང་ཆ་མེད།


༤  རྔ་བ་ཁུལ་ལ་ཐབས་ལམ་དང་པོའི་སློབ་གྲྭ་མང་པོ་མེད་ལ།སློབ་མ་ཡང་མང་པོ་མེད། ཡིན་ནའང་།ཐབས་ལམ་དང་པོའི་སློབ་གསོའི་རྐང་རྩ་ལོ་རེ་ནས་ལོ་རེ་བཞིན་ཇེ་བཟང་ཡིན་པ།འགོ་ཁྲིད་དག་གིས་རྔ་བ་ཁུལ་སློབ་གསོ་ཅུས་ཀྱི་སློབ་དཔྱོད་ཁང་གི་ལས་ཀའི་ཕྱོགས་བསྡོམས་ལས་ཤེས་ལོས་ཡོད།


དེས་ན།ཐབས་ལམ་དང་པོའི་གནད་དོན་ཅི་ཞིག་ཡིན་ནམ། ཐབས་ལམ་དང་པོ་མྱོང་བའི་བྱིས་པ་དག་གིས་བྱིས་སྐྱོང་ཁང་ནས།ཐ་སྙད་མང་པོ་གསོག་འཇོག་ཐུབ་ཨེ་ཡོད། གཏམ་རྒྱུད་མང་པོ་ལ་ཉན་ཐུབ་ཡོད་དམ། གླུ་བྲོ་མང་པོ་སྦྱོང་མྱོང་ཡོད་དམ།བྱིས་པ་མང་ཕྱོགས་ཀྱིས་བྱིས་སྐྱོང་ཁང་ན།བྱིས་པའི་ཐོབ་ཐང་ལྟར་སློབ་གསོ་མྱོང་ཐུབ་ཡོད་དམ། བྱིས་སྐྱོང་ཁང་དང་ཁྱིམ་གྱི་སྐད་ཆ་མ་འདྲ་བས།བྱིས་པས་ཤེས་བྱ་དང་ལེན་ལ་དཀའ་ངལ་འཕྲད་ཀྱིན་ཡོད་དམ། བྱིས་པའི་སྐབས་ཀྱི་སློབ་གསོ་ནི་སློབ་ཆུང་དང་།དམའ་འབྲིང་།མཐོ་འབྲིང་སྐབས་ཀྱི་སློབ་སྦྱོང་གི་འབྲས་བུ་དང་འབྲེལ་བ་ཡོད་པ་ཁྱེད་ཚོ་རང་གི་བུ་ཕྲུག་གི་སློབ་གསོ་ལས་མི་ཤེས་སམ།ཆེད་མཁས་ཀྱི་ཞིབ་འཇུག་ལས་མ་མཐོང་ངམ།


གྲོང་ཁྱེར་གྱི་བྱིས་སྐྱོང་ཁང་གི་བྱིས་པ་ཚོ་སྐད་ཆ་བཤད་པར་འཇོན་པ་དང་།གླུ་བྲོ། རྩེད་མོ་སྣ་ཚོགས་ཤེས་པས། བྱིས་པ་དེ་དག་སློབ་ཆུང་ལ་སླེབས་ན། དགེ་རྒན་དག་གིས་སློབ་ཁྲིད་བྱེད་སླ་ལ་ལྟོས་དང་།ང་ཚོའི་སློབ་གསོའི་གནད་དོན་ཐབས་ལམ་གྱི་སྟེང་ནས་ཡོད་དམ། ཡང་ན་སློབ་གསོའི་ལས་ཀ་བྱེ་བྲག་པ་དང་ཆུང་ས་ནས་སྒྲུབ་མ་ཐུབ་པའི་དཀའ་ངལ་ལ་འཕྲད་ཡོད།ཞིབ་འཇུག་མཁོ། བརྟག་དཔྱད་མཁོ།


ཐབས་ལམ་དང་པོའི་སློབ་གྲྭ་ཁག་ལ་དགེ་རྒན་འདང་ཙམ་ཞིག་ཡོད་དམ།ཐབས་དང་པོའི་འཛིན་གྲྭའི་སློབ་མ་མང་ཉུང་འོས་འཚམས་ཤིག་ཡིན་ནམ། ཐབས་ལམ་དང་པོའི་སློབ་གྲྭའི་སློབ་མ་མང་ཕྱོགས་ཞག་འདུག་སློབ་མ་ཨེ་ཡིན།ཐབས་ལམ་དང་པོའི་དགེ་རྒན་རྣམས་སློབ་ཐུན་ཚོགས་ན་དགེ་རྒན་དང་། སློབ་ཐུན་གྲོལ་ན་ཕ་མ་བྱེད་ཀྱིན་ཡོད་པ་མ་རེད་དམ།འགོ་ཁྲིད་ཚོས། བོད་ཁུལ་གྱི་དགེ་རྒན་དག་ལ་ལས་ཀའི་དཀའ་ངལ་ཆེ་བ་ཤེས་སམ།ལོ་རིམ་དང་པོའི་ཞག་འདུག་སློབ་མ་ཚོའི་མཚན་མོའི་འཇིགས་སྐྲག་དང་།ཁྱིམ་བདག་གི་སེམས་ཁྲལ། དགེ་རྒན་གྱི་དཀའ་ངལ་སོགས་ཅི་ཙམ་ཞིག་ཤེས་ཡོད། ཀྲུང་གོའི་གྲོང་ཁྱེར་ཆེ་ཆུང་གང་ཞིག་ན།སློབ་ཆུང་སློབ་མ་ཞག་འདུག་བྱེད་མཁན་ཞིག་ཡོད། སློབ་གསོ་རིག་པ་ལྟར་ན།བྱིས་པ་སློབ་ཆུང་ནས་དམའ་འབྲིང་། རབ་ཡིན་ན་མཐོ་འབྲིང་བར། སློབ་མ་སློབ་གྲྭ་རུ་ཞག་འདུག་མ་བྱས་ན་བཟང་ཟེར་བ་མ་ཡིན་ནམ།བོད་ཀྱི་སློབ་མ་དག་གིས་ནམ་ཡིན་ན་ཆོས་ཉིད་དང་མི་མཐུན་པའི་སློབ་གསོ་མང་པོ་མྱོང་དགོས་པ་ཅི་རེད།འགོ་ཁྲིད་མཐོན་པོ་ཚོ། བོད་ཀྱི་སློབ་མ་རྣམས་ལ། རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་ཞིང་།སློབ་གསོའི་ཆོས་ཉིད་དང་མཐུན་པའི་སློབ་གསོ་མྱོང་བའི་གོ་སྐབས་བྱིན་པ་དང་།ཁོར་ཡུག་བསྐྲུན་པའི་རེ་བ་སྙིང་ནས་ཞུས་པ་ཡིན།


༥ ཐབས་ལམ་དང་པོ་ནི། སློབ་གསོའི་ཆོས་ཉིད་ལྟར་རྒྱུ་བའི་ལམ་ཞིག་ཡིན་པར་མ་ཟད།ཐབས་ལམ་དེ་ནི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་སའི་ལམ་ཞིག་ཀྱང་ཡིན། ཀྲུང་ཧྭ་མི་རིགས་ཤེ་ན།ཐུན་མོང་གི་རིག་གནས་ཏེ། ཁྲིམས་ལུགས་དང་། སྲིད་ཇུས། མངའ་ཁུངས་སོགས་ཡོད་པར་མ་ཟད། མི་རིགས་སོ་སོ་རང་ལ་ཐུན་མོང་མ་ཡིན་པའི་རིག་གནས་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཞིག་ཡིན།རྒྱ་ཡིག་མ་ཡིན་པའི་ཁྲིད་ཚན་གཞན་པ་བོད་སྐད་ཡིག་གིས་ཁྲིད་ན། སློབ་མས་བསླབ་ཚན་གོ་སླ་བ།རྟོགས་སླ་བ། སྤྱོད་ཐུབ་པ་སོགས་སློབ་གསོའི་ཆོས་ཉིད་དང་མཐུན་པར་མ་ཟད། སློབ་མ་ལ་སློབ་གྲྭའི་ནང་བོད་སྐད་ཡིག་སྤྱོད་མཁན་དང་།སྤྱོད་ཡུལ་མང་པ་དེས། སློབ་མས་བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་ཐུབ་པར་ཕན་པ་གཞན་གྱིས་ཚབ་བྱེད་མི་ཐུབ་པ་ཞིག་ཡོད།


ད་ལྟ་དྲ་རྒྱ་དང་།བརྙན་འཕྲིན་སོགས་སྨྱན་བྱད་མང་པོ་ཞིག་རྒྱ་ཡིག་དང་རྒྱ་སྐད་ཡིན། དེའི་ཕྱིར། ཐབས་ལམ་དང་པོའི་སློབ་མ་རྣམས་ཀྱི་རྒྱ་སྐད་རྒྱ་ཡིག་ཇེ་བཟང་ཡིན།སློབ་གསོའི་སྡེ་ཁག་གི་འགོ་ཁྲིད་ཚོས། བོད་ཀྱི་སློབ་མ་ཚོའི་རྒྱ་ཡིག་རྒྱ་སྐད་ལ་སེམས་ཁྲལ་བྱེད་མི་དགོས།དེ་ལས།རྔ་བ་ཁུལ་གྱི་བོད་ཀྱི་རིག་གནས་རྒྱུན་འཛིན་རྒྱུན་དར་སྤེལ་ལ་སེམས་ཁྲལ་བྱས་ན་བཟང་།གལ་ཏེ། མཛོད་དགེ། ཁྱུང་མཆུ། རྔ་བ། འཛམ་ཐང་། ཟུང་ཆུ་སོགས་ཀྱི་བོད་པ་རྣམས་རྔ་བ་ཁུལ་གྱི་རྫོང་གཞན་པའི་ཐོབ་ཐང་ལག་འཁྱེར་བོད་ཡིན་པ།བོད་ཡིག་ཕར་ཞོག ཐ་ན་ས་གནས་ཀྱི་ཡུལ་སྐད་ཙམ་ཡང་བཤད་མི་ཤེས་པའི་བོད་པ་རྣམས་དང་འདྲ་བའི་བོད་པ་ཞིག་ཏུ་འགྱུར་སོང་ན།དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་གྱོང་གུད་ཅིག་མ་རེད་དམ།གྱོང་གུད་དེ་ནི་དུས་ཚོད་དང་སྒོར་མོས་ཕྱིར་གསབ་ཐབས་མེད་པ་ཞིག་ཡིན་ནོ། །ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་ཆ་ཤས་སུ་གྱུར་པའི་བོད་ཀྱི་རིག་གནས་མི་ཉམས་གོང་དུ་འཕེལ་བ་ལ་འདང་ཕོག་དགོས།དེ་ཡང་གུང་ཁྲན་ཏང་གི་ཐོག་མའི་ཀུན་སློང་མ་ཡིན་ནམ།


ཀྲུང་དབྱང་གིས་ཀྲུང་གོ་བ་ཞིག་ཡིན་ན།ཡིད་ཆེས་བཞི་ཡོད་དགོས་པ་བསྒྲགས་ཡོད། ཡིད་ཆེས་བཞི་ལས། རིག་གནས་ཀྱི་ཡིད་ཆེས་ནི།སྐད་དང་ཡི་གེ་ཡོད་པའི་མི་རིགས་ཀྱིས་རང་གི་སྐད་དང་ཡི་གེས། ཀྲུང་ཧྭ་མི་རིགས་དང་། མིའི་རིགས་ཀྱི་རིག་གནས་ཀློག་ཐུབ་པ།འབྲི་ཐུབ་པ། མྱོང་ཐུབ་པ་ལ་གཟི་བརྗིད་སྐྱེས་པ་ཞིག་ལ་གོ་དགོས་པ་ཨེ་ཡིན། གལ་ཏེ་ཡིན་ན།གྲངས་རིག་དང་། སྐྱེས་དངོས་རྫས་གསུམ། ས་ལོ་སྲིད་གསུམ་སོགས་ཀྱི་ཐ་སྙད་དང་ཚིག་སྦྱོར་བོད་སྐད་ཀྱིས་བཤད་མི་ཤེས་པ་དང་།བོད་ཡིག་གིས་འབྲི་མ་ཤེས་ན། རིག་གནས་ཀྱི་ཡིད་ཆེས་ཤིག་གང་ན་སྐྱེ་སྲིད།རང་ཉིད་མི་ཞིག་ཡིན་པའི་རྩིས་ཐང་གང་ན་ཡོད། གནས་ལུགས་དེ་ལས། རྔ་བ་ཁུལ་གྱི་བོད་ཡིག་ཞན་པ་དང་མེད་པའི་རྫོང་གཞན་པ་ལ་བོད་སྐད་ཡིག་གི་སློབ་གསོ་སྤེལ་དགོས་པ་ཤེས་པ་ལས།ད་ཡོད་ཀྱི་བོད་སྐད་ཡིག་ལེགས་པའི་ཐབས་ལམ་དང་པོ་མེད་པར་བཟོ་དགོས་པ་ཞིག་གང་ན་མཐོང་།


གལ་ཏེ་སྤུན་ཟླ་རྒྱ་རིགས་ཤིག་གིས་རང་གི་མེས་པོའི་རིང་ནས་དར་བའི་གླུ་དང་ལ་གཞས།ཁུང་མོའུ་སོགས་ཀྱི་བསྟན་བཅོས་མང་པོ་ཀློག་མ་ཤེས་པ་དང་། མེས་པོའི་རིང་ནས་བརྒྱུད་པའི་རིག་གནས་ལ་བརྟེན་ནས་འཚོ་ཞིང་གནས་མ་ཐུབ་ན།རིག་གནས་ཀྱི་ཡིད་ཆེས་ཞེས་པ་གང་ནས་འབྱུང་། དེ་ནང་བཞིན།བོད་པ་ཞིག་གིས་རང་གི་མེས་པོའི་རིང་ནས་བརྒྱུད་དེ་ཡོང་བའི་གླུ་དང་ལ་གཞས།ས་སྐྱ་ལེགས་བཤད། ཆུའི་བསྟན་བཅོས། གེ་སར་སྒྲུང་། གཏམ་དཔེ་སོགས་མི་ཤེས་པ་དང་།དེ་དག་ལ་བརྟེན་ནས་བསམ་བློའི་འཚོ་བ་རོལ་མ་ཐུབ་ན། རིག་གནས་ཀྱི་ཡིད་ཆེས་ཞེས་པ་གང་ནས་སྐྱེ་དགོས།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཞེས་པ། མི་རིགས་སོ་སོས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ།རིག་གནས་གསར་པ་གསར་གཏོད། གཞན་གྱི་རིག་གནས་ནང་འདྲེན་བྱེད་པ་སོགས་ལ་བརྟེན་ནས་འབྱུང་དགོས་པ་ཞིག་མ་རེད་དམ།གལ་ཏེ་ཡིན་ན། རྔ་བ་ཁུལ་གྱི་བོད་པའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་འགན་ཁུར་ཆེན་པོ།རང་ཁུལ་གྱི་ཐབས་ལམ་དང་པོའི་སློབ་གྲྭ་ཁག་ལ་རག་ལས་མེད་དམ། གལ་ཏེ་ཡོད་ན། ཐབས་ལམ་དང་པོའི་སློབ་གྲྭ་ཁག་ལ་དགེ་རྒན་ཇེ་མང་བྱེད་པ།འཛིན་གྲྭ་ཇེ་མང་དང་། འཛིན་གྲྭའི་སློབ་མ་ཇེ་ཉུང་བྱེད་པ། བྱིས་སྐྱོང་ཁང་དང་ཁྱིམ་བདག་སློབ་གསོ།ཁུལ་དང་རྫོང་། སློབ་གྲྭ་རིམ་པའི་སློབ་ཁྲིད་དང་སློབ་དཔྱོད་ཞིབ་འཇུག་སོགས་ལ་རྒྱབ་སྐྱོར་དང་།རོགས་རམ་བྱེད་པ་གཙོ་བོ་ཞིག་ཡིན་པ་ལས། ལོ་རེ་གཉིས་ཀྱི་འཕྲོ་ནས་གློ་བུར་ཏུ་ཐབས་ལམ་བསྒྱུར་དགོས་ཞེས་དམངས་སེམས་བློང་བློང་བོར་བཟོས་པར་དགོས་པ་ཅི་ཡང་མེད།སློབ་གསོ་ཞེས་པ་དཀར་པོ་མིན་ན་ནག་པོ་ཞིག་ཡིན་པ་ལྟ་བུའི་ལས་སླ་བོ་ཞིག་མིན་ནོ། །


རྔ་བ་ཁུལ་གྱི་སློབ་གསོ་དང་འབྲེལ་བ་ཡོད་པའི་འགོ་ཁྲིད་རྣམ་པ།རང་རྒྱལ་གྱིས་དཔལ་འབྱོར། ཚན་རྩལ། དམག་དོན། འཕྲོད་བསྟེན། དབུལ་སེལ་སོགས་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཆེན་པོ་བླངས་དང་ལེན་བཞིན་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་གོ་རིམ་ཁྲོད།རིག་གནས་ལ་ཡིད་ཆེས་སྐྱེ་བར། སློབ་སྒྲུབ་ཀྱི་ཐབས་ལམ་དང་པོ་ཧ་ཅང་གལ་ཆེན་ཡིན་ནོ། །


གལ་ཏེ།བོད་ཀྱི་རིག་གནས་ཉམས་སོང་ན། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་གྱོང་གུད་ཅིག་ཡིན་པ་སེམས་ནས་མི་བརྗེད་པ་དང་།ཀྲུང་གོའི་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པའི་བོད་ཀྱི་རིག་གནས་མི་རབས་ནས་མི་རབས་བར་ཡུན་བརྟན་གྱིས་གནས་ཐུབ་པར་ཁྱེད་རྣམ་པས་ཐུགས་འདང་ཟབ་མོ་གཏོང་རོགས་གནང་།



[]不断满足人民对美好生活的向往


༢༠༢༠ལོའི་ཟླ༤པའི་ཚེས༡༤ཉིན།

【རྫོགས་སོ།།】


བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post