ཡིད་ཀྱི་གཙང་བོ་འཕྱོ་ཞིང་ལྡེམ་པའི་རླབས།

---ཐེའུ་རང་།

ནང་མི་ལྷན་འཛོམས་ཀྱི་ཞོགས་ཀ་འདིར། ངས་རི་བོ་ཧི་མ་ལའི་ཕར་རྒྱབ་ཀྱི་སྐྱེས་བུ་གསེར་གྱི་ཉི་མ་འདྲ་བ་ཁོང་དྲན་འོང་། ཁོང་གི་སྐུའི་མཛེས་པ་རེ་རེ་དང་། གསུང་གི་སྙན་པ་རེ་རེ་གཟུགས་ལ་གཟུགས་དང་། སྒྲ་ལ་སྒྲ་ཡི་ཚུལ་གྱིས་དྲན་འོང་། མིའི་ལུང་པ་གཞན་ན་ཡུལ་གྱར་བའི་འཚོ་བ་རོལ་བའི་བྲང་ཁོག་གི་དྲན་གདུང་དང་ཁེར་རྐྱང་དྲན་འོང་།སྐུ་ཚེ་གང་བོར་མི་རིགས་ཀྱི་དོན་དུ། མིའི་རིགས་ཀྱི་དོན་དུ། འགྲོ་བའི་དོན་དུ་མྱངས་པའི་སྐུ་ཚེགས་དྲན་འོང་། དངོས་གནས་འོ་རྒྱལ་བཞེས་སོང་། དཀའ་ཐུབ་ཀྱི་སྲས་པོ། ལྷོད་ལྷོད་ཨེན་ཙམ་གནང་ནས་འོ་ཇ་དཀར་ཡོལ་གང་བཞེས་རོགས། ས་མཐའ་ན། འོ་མ་ཡོད་དམ། མར་དཀར་པོ་དང་ཞོ་རློན་པ་ཡོད་དམ། ཐུད་དང་གྱོ་མ་ཡོད་དམ། ནམ་ལོ་གསར་ཚེས་ཀྱི་ནངས་མོ་འདིར། ཕ་ཡུལ་གྱི་མི་ཚང་རེ་རེའི་མཆོད་ཁང་ན་ཁྱེད་ལ་མཆོད་པ་བཤམས་ཡོད། ཞོ་དང་འོ་མ། མར་དང་རྩམ་པ། ཐུད་དང་གྱོ་མ་བཤམས་ཡོད། ཕ་ཟས་ཀྱི་མཆོག་དང་ཕུད་ཁྱེད་ལ་འབུལ་ཡོད། ང་ཚོའི་སེམས་ཁོང་ན་སྡེར་ཁ་ཕུན་སུམ་ཚོགས་པ་འདི་ཁྱེད་ལ་ཕུལ་བའི་ལོ་སྐལ་ཡིན་ལ།མཆོད་པའི་གསོལ་ཚིགས་འདི་ཁྱེད་ཀྱིས་མི་མངོན་པའི་གནས་གང་ཞིག་ན་སྤྱན་གྱིས་གཟིགས་ཤིང་། ཐུགས་ཀྱིས་བཞེས་ནས་ཡོད་ཨང་བསམ་ནས་ཡོད་མོད། 


དོན་ངོ་མར། ས་མཐའ་ན་ཁྱེད་ལ་ལྟོགས་སྐོམ་ཡོད་དམ། གྲང་འཁྱག་ཡོད་དམ།ཤིན་ཏུ་རླབས་ཆེ་ལ་ཧ་ཅང་ཉམ་ཆུང་བའི་མིའི་རིགས་ཀྱི་ཕྲུ་གུ་དཀར་པོ།མི་ལོ་ག་ཚོད་ལ་ཁྱེད་ཀྱིས་བཀྲེས་སྐོམ་འཐུང་ནས་བསྡད་ཅིང་གྲང་འཁྱག་གྱོན་ནས་འདུར་བ་ཡིན། ངས་འདང་བརྒྱབས་པ་ཡིན་མོད། ངའི་བློ་ཁོག་ལ་མི་ཤོང་། དཀའ་ཐུབ་ཀྱི་ལོ་ཟླ་འདིར་མི་ལོ་བརྒྱད་ཅུ་ཙམ་གྱིས་ག་ལ་ཚད་དེ་མི་ཚད་དོ།སྐྱེས་བུ་གཅིག་གིས་མི་རིགས་ཧྲིལ་བོ་ཁུར་ནས་མིའི་རིགས་ཀྱི་གྲལ་དུ་བཞུད་པའི་མི་ཚེ་ལ་མི་ལོ་བརྒྱད་བཅུ་ཙམ་གྱིས་ག་ལ་ཚད་དེ་མི་ཚད་དོ།ཁྱེད་ཀྱི་དཔྲལ་བའི་གཉེར་མ་རེ་རེ་འོད་ཀྱི་ཐིག་ལེ་རེ་རེར་སྦྲུམ། ངལ་དུབ་ཀྱི་རྔུལ་ཆུ་རེ་རེ་འོད་ཀྱི་ཐིག་ལེ་རེ་རེར་སྦྲུམ། སྐྱོ་གདུང་གི་མིག་ཆུ་རེ་རེ་འོད་ཀྱི་ཐིག་ལེ་རེ་རེར་སྦྲུམ། ཕྱག་གི་སྟངས་སྟབས་རེ་རེ་འོད་ཀྱི་ཐིག་ལེ་རེ་རེར་སྦྲུམ།ཞབས་ཀྱི་སོར་མོ་རེ་རེ་འོད་ཀྱི་ཐིག་ལེ་རེ་རེར་སྦྲུམ།གསུང་གི་བདུད་རྩི་རེ་རེ་འོད་ཀྱི་ཐིག་ལེ་རེ་རེར་སྦྲུམ་ནས་མིའི་རིགས་ཧྲིལ་བོ་དྲོད་ལམ་མེར་བཏང་དུས།ངས་གཞི་ནས་ཧ་གོ་སོང་།ཁྱེད་ནི་འོད་ཀྱི་བདག་པོ་མཁའ་ཡི་ཉི་མ་འདྲ་བ་སྟེ།འཇིག་རྟེན་ཁམས་ཀྱི་སྨག་ནག་ཡོད་ཚད་ཉི་མ་གཅིག་གིས་དཀར་གསལ་ལེར་གཏོང་ནུས་པ་བཞིན།ཁྱེད་རང་གཅིག་པུས་མི་རིགས་ཧྲིལ་བོ་ཁུར་ནས་མིའི་རིགས་ཀྱི་གྲལ་དུ་བཞུད་པ་རེད།ས་མཐར་གྱུར་བ་རེད། དཀའ་སྡུག་མྱངས་པ་རེད། ཁྱེད་རང་ཁོ་ནས་ཞི་བདེ་དང་བྱམས་བརྩེ་ཡིད་ལ་མནབས་ནས་མིའི་རིགས་ཀྱི་བདེ་སྡུག་དགོངས་པ་རེད།བདག་གིས་ཁྱེད་ཉིད་མཐོང་ཐེངས་རེ་རེར། སྲབ་ལ་ཡང་པའི་ངུར་སྨྲིག་གི་ན་བཟའ་ནི་ཞི་བའི་གླིང་ཀ་ཞིག་ཏུ་མཐོང་འོང་། དེ་ན་གྲང་བའི་མི་ལ་དྲོད་ཡོད། ཚ་བའི་མི་ལ་བསིལ་བ་ཡོད།མ་རིག་པ་ལ་འོད་ཡོད།གདུག་པའི་ལག་པ་ཡིས་མེ་ཏོག་རེག་འོང་།ལྕགས་ཀྱི་མཚོན་ཆ་རབ་ཏུ་མཉེན་པའི་ལྗོན་ཤིང་དུ་སྐྱེས་ཡོད།བདག་གིས་ཁྱེད་ཉིད་མཐོང་ཐེངས་རེ་རེར།བརྩེ་བའི་འཛུམ་ནི་གཡའ་དག་པའི་གཙང་བོ་ཞིག་ཏུ་མཐོང་འོང་། དེ་ཡིས་མི་སེམས་ཀྱི་སྡུག་བསྔལ་འདག་འགྲོ།

མི་དགེ་བ་འདག་འགྲོ།འཁྲུག་པ་དང་རྩོད་པ་འདག་འགྲོ།སྐྱོ་བ་དང་གླེང་བ་འདག་འགྲོ་ཨང་།ས་སྒང་འདི་ན་གཅིག་ཁོ་ན་མ་གཏོགས་མི་བཞུགས་པའི་བོད་ཀྱི་གཅེས་ཕྲུགམིའི་རིགས་ཀྱི་སྐྱེས་བུ།རབ་ཏུ་གཙང་བའི་ཞོགས་ཀ་འདིར།བདག་གིས་རབ་ཏུ་གཙང་བའི་ཁ་བ་ཅན་ནས་ཡིད་སེམས་རབ་ཏུ་དད་པའི་ཁྱེད་རང་དྲན་འོང་།དྲན་པ་འདི་ནི་ཅི་འདྲའི་དྲོ་ལ་ཅི་འདྲའི་གྲང་བ་ཞིག་ཀྱང་རེད་ཨང་།ནམ་ལོ་གསར་ཚེས་ཀྱི་ཞོགས་ཀ་འདིར། ངས་ཁྱེད་ལ་མིའི་རིགས་ཀྱི་བདེ་སྡུག་མི་ཞུ།མི་རིགས་ཀྱི་སྐྱིད་སྡུག་མི་ཞུ།སེམས་ཅན་གྱི་སྐྱེ་འཆི་མི་ཞུ། ཞོགས་ཀ་འདིར། ཇ་དཀར་ཡོལ་གང་བཞེས་ནས་ཐུགས་ལྷོད་ལྷོད་ཙམ་བཞུགས་དང་། དངོས་གནས་སྐུ་ཚེགས་མྱངས་སོང་། འོ་བརྒྱལ་ཆེ་སོང་།

ང་ཡི་བླ་མ། མགོ་ནག་བོད་ཀྱི་རྣམ་ཤེས་ཀྱི་རྣམ་ཤེས།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post