མདོ་སྨད་ཡུལ་གྲུ་ཁག་གི་ས་མིང་སྐྱ་རྒྱ་དོ་རྒྱ་སོགས་བཤད་པ།

འགྱན•སངས་རྒྱས་དོན་གྲུབ།

འགྱན•སངས་རྒྱས་དོན་འགྲུབ། མདོ་སྨད་མཚོ་ལྷོར་སྐྱེས། རྩོམ་པ་པོ་དང་ལོ་ཙཱ་བ་བཅས་ཡིན། བོད་ལྗོངས་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་མཆིས་སོ།།

 

 [ནང་དོན་གནད་བསྡུས།]

རྩོམ་ཡིག་འདིའི་ནང་། མདོ་སྨད་ཡུལ་གྲུ་ཁག་གི་ས་མིང“རྒྱ”དང་འབྲེལ་བ་ཡོད་པ་ཇི་སྙེད་ཅིག་ནི། བོད་བཙན་པོའི་སྐབས་ཀྱི་དམག་དཔུང་གི་མིང་རྟགས་ཏེ་གསལ་བྱེད་སུམ་ཅུའི་གོ་རིམ་ལ་སྦྱར་བའི་བཙན་པོའི་དམག་དཔུང་གི་སྒྲིག་གཞིའི་མིང་“བརྒྱ་”ལས་ཐོགས་ཚུལ་སྐོར་གླེང་བརྗོད་བྱས་ཡོད།


[བརྡ་ཆད་གཙོ་བོ།]  མདོ་སྨད་ས་མིང་།  སྐྱ་རྒྱ།  བརྒྱ།


ས་མིང་ནི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་དག་གི་ཁྲོད་མི་ཚོའི་བྱ་བྱེད་ལས་བྱུང་བའི་འབྲས་བུ་ལགས་པས། དེ་ལ་ལོ་རྒྱུས་ཀྱི་དགེ་ཐོན་ཞིང་རིག་གནས་ཀྱི་གཏིང་འབྱིན་པའི་དོན་སྙིང་ཆེན་པོ་ལྡན་ཏེ།མི་རིགས་གང་དེས་འཇིག་རྟེན་ལ་མྱུལ་དཔྱོད་བྱས་ཚུལ་དང་མི་རིགས་རང་གི་ལོ་རྒྱུས་ཀྱི་འཕོ་འགྱུར། ཤེས་རིག་གི་འཕེལ་རིམ། དམག་འཁྲུག་གི་བྱུང་རབས་ལ་སོགས་པའི་དོན་ཡང་ས་མིང་ལས་རྟོགས་ཐུབ་པས་སོ། བོད་ཀྱི་ས་མིང་ལ་རྒྱུ་མིང་འབྲས་ལ་འདོགས་ཚུལ་དང་འབྲས་མིང་རྒྱུ་ལ་འདོགས་ཚུལ། ཆེ་མིང་ཆུང་ལ་འདོགས་ཚུལ། ཆུང་མིང་ཆེ་ལ་འདོགས་ཚུལ། རྟེན་བརྟེན་པ་རྒྱུ་མཚན་དུ་བྱས་ནས་འདོགས་ཚུལ་སོགས་སྣ་ཚོགས་པ་ཞིག་ཡོད་པ་ལས། འདིར་གཞན་གྱིས་དེ་སྔ་མ་བཤད་པའི་བོད་བཙན་པོའི་དམག་དཔུང་གི་མིང་རྟགས་དང་འབྲེལ་ནས་བཏགས་པའི་ས་མིང་འགའ་ཞིག་བཤད་འདོད་པ་ཡིན། དེ་ཡང་བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལས། བཙན་པོའི་དམག་དཔུང་གི་སྒྲིག་གཞི་དབུ་རུ་དང་གཡོན་རུ། གཡས་རུ། རུ་ལག སུམ་པའི་རུ་བཅས་ཆེན་པོ་ལྔར་ཕྱེ་ནས་སུམ་པའི་རུ་ལས་གཞན་པའི་རུ་བཞི་པོ་རེ་རེ་ལ་སྟོང་སྡེ་བརྒྱད་དང་སྟོང་བུ་ཆུང་གཅིག གོ་ཧྲག་སྟོང་སྡེ་གཅིག་བཅས་བཙུགས་པར་བཤད་ལ། དམག་དཔུང་གི་སྒྲིག་གཞིའི་ཆེ་ཆུང་རིམ་པ་ལྟར་རུ་སྡེ་ནས་སྟོང་སྡེ་དང་སྟོང་བུ་ཆུང་ལྔ་བརྒྱ་ཆེན་པོ། བརྒྱ་སྡེ། དེ་ནས་བཅུ་སྡེ་བཅས་ཡིན། སྤྱིར་བཏང་རུ་གཅིག་ལ་སྟོང་སྡེ་བཅུ་རེ་དང་། སུམ་པའི་རུ་ལ་སྟོང་སྡེ་གཅིག་འཐོལ་པར་བསྣན་པས་བསྡོམས་ན་སྟོང་སྡེ་དྲུག་ཅུ་རེ་གཅིག་ཡོད། སྟོང་སྡེ་རེ་ལ་སྟོང་བུ་ཆུང་གསུམ་ནས་བཞི། སྟོང་བུ་ཆུང་གཅིག་ལ་ལྔ་བ་རྒྱའི་སྡེ་གཉིས་གསུམ་རེ། ལྔ་བརྒྱའི་སྡེ་རེ་ལ་བརྒྱ་སྡེ་ལྔ་རེ། བརྒྱ་སྡེ་རེ་ལ་བཅུ་སྡེ་བཅུ་རེ་ཡོད་པ་རྗེས་སུ་དཔོག་ནུས་ལ། དེ་དག་གི་དམག་སྤྱི་ལའང་རུ་དཔོན་དང་སྟོང་དཔོན། ལྔ་བརྒྱའི་དཔོན། བརྒྱ་དཔོན།  བཅུ་དཔོན་སོགས་སུ་འབོད་སྲོལ་ཡོད་པ་ལྟར་རོ།  སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཀྱི་ནུབ་བྱང་ནས་བྱང་ཤར་བར་གྱི་ས་མཚམས་བསྲུང་བའི་སྟོད་སྨད་བར་གསུམ་གྱི་དཔའ་སྡེ་བསྐོས་ལུགས་ལ་
ལྡེའུ་ཆོས་འབྱུང་ལས། “སྟོད་ཀྱི་དཔའ་སྡེ་སོ་བྲག་སྟག་པོ་རོང་ཡན་ཆད་མོན་ཁ་བཞི་མན་ཆད་ཀྱི་ཡུལ། ……བར་གྱི་དཔའ་སྡེ་ནི། རི་སྤེན་མ་ལུང་གིས་ཡར་བཅད། ཆགས་སྒོ་དང་པས་མར་བཅད་པའི་ཡུལ། ......སྨད་ཀྱི་དཔའ་སྡེ་ནི། རྨའི་སྤོམ་རས་མར་བཅད། བཀའ་ཐང་ཀླུ་རྩེས་ཡར་བཅད། ལོམ་ཤི་རྒྱ་མཁར་ལ་སོ་མཚམས་གཏད་པའི་ཡུལ་.....”ཞེས་གསུངས། དེས་ན་སྐབས་དེར་སོ་མཚམས་བསྲུང་ཕྱིར་བསྐོས་པའི་མཐོང་ཁྱབ་སྲིད་སྡེ་དགུའི་སྟེང་དུ་བཞི་ཞ་སྡེ་དྲུག་བསྣན་པའི་དམག་དཔུང་གིས་ཨ་མདོའི་ཡུལ་འདི་ནས་མི་རབས་དུ་མར་གཡུལ་འགྱེད་ཀྱི་བ་བྱ་བ་གཉེར་བ་དང་མཐར་གཞིས་ཆགས་པའི་ལོ་རྒྱུས་ཡོད་ཅིང་། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུའང་དཔུང་གི་ཚོགས་ཆེན་མོ་ཡུལ་འདིིར་དྲངས་ནས་ལོམ་ཤི་ལ་རྒྱུད་ཡན་ཆད་ཕྱག་ཏུ་བཞེས་ཏེ་མཐོང་ཁྱབ་ཁྲི་སྡེ་ལྔ་བ་ཙུགས་པའི་ལོ་རྒྱུས་ཡོད་པ་བཅས་དེ་དག་ལ་བལྟས་ན། ཨ་མདོའི་རིགས་ཕལ་ཆེར་སྔོན་གྱི་བོད་དམག་ས་ཕྱོགས་འདི་དག་ཏུ་སླེབས་པ་ལས་མཆེད་པར་བཤད་པ་ནི་བདེན་པར་སྣང་། བོད་ཡུལ་གང་པོར་རུ་བ་ལས་འཕྲོས་ཏེ་“གཡས་རུ་དང་གཡོན་རུ། གུང་རུ་དང་དབུ་རུ་སོགས་ཀྱི་ཐ་སྙད་ཡོད་པ་དག་ཀྱང་། སྔོན་གྱི་ཚེ་བཙན་པོའི་གཡས་གཡོན་མདུན་རྒྱབ་ཏུ་འགྲོ་བའི་དམག་གི་སྐོར་ཚོ་བཞི་དང་། དེ་དག་གི་ཐོག་མ་འདྲེན་པའི་རུ་འདྲེན་སྡེ་བཞི་སོགས་ཡོད་པ་དེའི་ཐ་སྙད་ཡིན་”པར་དགེ་ཆོས་ཀྱིས་གསུངས་པ་ལྟར།  མདོ་ཁམས་ཁུལ་ན་གོང་གི་ཐ་སྙད་དེ་དག་ལས་གཞན་ད་དུང་ཕྱི་སོ་དང་ནང་སོ། དཔའ་ལུང་། དཔའ་སྒུར། དཔའ་མཆོག   དཔའ་ཐང་། དཔའ་ཤོད། དཔའ་རིས། དཔོན་སྐོར། དྲ་མ་ཉག་ཁ། བཀའ་མ་ལོག  བཙན་མོ། རུ་སྡུན། རྨུག་རུ། བློན་ཆེ། དམག་དཔོན། སྟོང་སྡེ། བརྒྱ་སྡེ་། མདའ་སྡེ། སོ་མཁར། སོ་རྒྱག  སྟོང་སོ་ལས་སོགས་པའི་ས་མིང་ཇི་སྙེད་ཅིག་ཡོད་པ་དག་ཀྱང་སྔོན་གྱི་བཙན་པོའི་དམག་དཔུང་གི་བྱེད་ལས་དང་སྒྲིག་གཞིའི་ཐ་སྙད་ལས་ཐོགས་པ་ནི་གོར་མ་ཆག   དེ་ཡང་དམག་དཔུང་གི་སྒྲིག་གཞིའི་མིང་དང་འབྲེལ་ཆེ་བའི་ས་མིང་འདི་དག་ཕལ་ཆེ་བ་སྨད་ཀྱི་དཔའ་སྡེ་གནས་ས་སྟེ་མདོ་སྨད་ཕྱོགས་ཀྱི་རྒྱ་བོད་ས་མཚམས་རྣམས་སུ་མཐོང་རྒྱུ་ཡོད་པ་ཙམ་མ་ཟད།  སྟོད་ཀྱི་དཔའ་སྡེ་གནས་ས་དབུས་གཙང་དང་འབྲེལ་བའི་ལྷོ་ནུབ་ཀྱི་ས་མཚམས་རྣམས་སུའང་མང་པོ་མཐོང་རྒྱུ་ཡོད་དེ། དཔེར་ན་སྟོང་མཇུག་དང་སྟོང་ཚོ། སྟོང་ར། དཔའ་ཐང་། དཔའ་རི་གོང་མ། དཔའ་ཤོད། དཔའ་མཚོ། དཔའ་གདོང་། བརྒྱ་སྡེ་ལ་སོགས་པ་ལྟ་བུ་རྣམས་སོ། །   ཕྱོགས་འདི་ནས་འདང་བརྒྱབ་ན། གཡས་རུ་དང་གཡོན་རུ། གུང་རུ། དབུ་རུ། རུ་སྡུན། རུ་ཞོལ་ལ་སོགས་པའི་ཐ་སྙད་དག་སྔོན་གྱི་རུ་སྡེའི་དམག་དཔུང་གི་ཐ་སྙད་ཡུལ་ལ་ཐོགས་པར་མ་ཟད། ད་ལྟའི་དབུས་གཙང་དང་མདོ་སྨད་མགོ་ལོག་ན་ཡོད་པའི་སྟོང་རུ་མཚོ་ནག་དང་མདོ་སྨད་རྡོ་བིས་ས་ཆ་དང་མཚོ་ལྷོ། མདོ་སྟོད་ཡུལ་ཕྱུག་ཁུལ་སོགས་ན་ཡོད་པའི་སྟོང་རུ་གཡུ་མཚོ་དང་སྟོང་སྐོར། སྟོང་ཆེན། སྟོང་དཔོན། སྟོང་དཔོན་གཞུང་། སྟོང་སྐྱིད་ལ་སོགས་པའི་ས་མིང་དག་ཀྱང་སྐབས་དེའི་དམག་དཔུང་གི་སྒྲིག་གཞི་སྟོང་སྡེ་དང་འབྲེལ་བའི་ཐ་སྙད་ཡིན་པ་མངོན་གསལ་རེད། གཞན་ཡང་མཚོ་སྔོན་གྱི་རྫོང་མིང་ཐུན་ཏེ་ཞེས་པ་དང་ཀན་སུའུ་ཞིང་ཆེན་གྱི་གནའ་ཤུལ་ཏུན་ཧོང་ཞེས་པའི་ས་མིང་དག་དེང་སྐབས་རྒྱའི་སྐད་ལས་བྱུང་ཚུལ་གླེང་ནའང་། ལོ་རྒྱུས་ཀྱི་བྱུང་རབས་དང་ས་བབ་ཀྱི་ངོས་ནས་འདང་བརྒྱབ་ན། དེ་དག་ཀྱང་སྟོང་སྡེ་དང་སྟོང་དཔོན་གྱི་ཐ་སྙད་གཞིར་བཟུང་བའམ་དེའི་སྒྲ་ཟུར་ཆག་པ་ཞིག་ཡིན་པར་འདོད་དེ། གོང་དུ་ཞུས་ཟིན་པ་ལྟར་སྲོང་བཙན་གྱི་སྐབས་སུ། སྨད་ཀྱི་དཔའ་སྡེ་གནས་ས་ནི་རྨ་ཆེན་སྤོམ་ར་མན་ཆད་ཡིན་པར་བསྟན་ཡོད་ལ། དེ་ཡང་ཐུན་ཏེ་ཞེས་པའི་མིང་འདི་དང་པོ་མདོ་སྨད་ཀྱི་གནས་རི་ཆེན་པོ་སྤོམ་རའི་ཉེ་འདབས་ཀྱི་ར་རྒྱའི་ཡུལ་ལ་ཐོགས་པར་བཤད་པ་དང་། རི་དེའི་ཉེ་འཁོར་ན་ད་ལྟའི་དུས་སུ་ཡང་ཨ་མྱེས་རྨ་ཆེན་གྱི་འཁོར་དུ་གཏོགས་པའི་ཉེ་བའི་སྲས་ཆེན་བརྒྱད་དང་། རྨ་སྟོད་རྩེ་ལྷ་བཅུ་གསུམ། རྨ་སྨད་མཐོན་པོ་དགུ་སྒྲིལ།  འབའ་སྟོད་ཀྱི་མཐོན་པོ་བཅུ་གསུམ།  འབའ་སྨད་ཀྱི་བློན་པོ་བཅུ་གསུམ་སོགས་ཀྱི་གནས་རི་ཡོད་པ་དག་དོན་ལ་བཙན་པོའི་སྐབས་ཀྱི་དམག་སྤྱི་དག་གི་མིང་ལས་ ཐོགས་པར་བཤད་པ་མ་ཟད། གཞན་ད་དུང་དཔའ་མཆོག་དང་དཔོན་སྐོར་ལ་སོགས་པའི་ཚོ་པའི་མིང་ཡང་ཡོད་པ་དག་ལ་བལྟས་ན། ར་རྒྱའི་ཡུལ་འདིའང་བཙན་པོའི་སྐབས་ཀྱི་སྟོང་སྡེའི་དམག་སྒར་ཆགས་སའི་ཡུལ་ཡིན་པ་ལ་ཐེ་ཚོམ་ཟ་མི་དགོས་པས་ཡིན། ཁ་ཅིག་གིས་མདོ་སྨད་ན་ཡོད་པའི་སྟོང་དཔོན་དང་སྟོང་སྡེ་ཞེས་པའི་ཐ་སྙད་དག་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ལ་ཆིན་ཡུང་ཀྲིན་གྱིས་བོད་ལ་སྟོང་སྡེའི་ལམ་ལུགས་བཙུགས་ནས་བརྒྱ་སྡེ་ཉེར་ལྔ་ལ་སྟོང་དཔོན་ཀ་ཅིག་བསྐོས་པ་ནས་བཟུང་དར་བར་བཤད་ཀྱང་། བོད་ཡིག་གི་ཡིག་ཚགས་ཕལ་མོ་ཆེ་མ་ཟད་མང་ཚོགས་ཀྱི་ཁ་དན་དེ་དག་གི་སྒྲ་སྒྱུར་ལ་ཆེན་ཧུ་དང་པེ་ཧུ་ཞེས་པ་ལས་སྟོང་དཔོན་དང་བརྒྱ་དཔོན་གྱི་བཤད་སྲོལ་མི་སྣང་།  དེ་བཞིན་ཏུན་ཧོང་ཞེས་པར་ད་དུང་འདུ་ཁང་དང་སྟོང་དཔར་གྱི་སྒྲ་ཟུར་ཆག་པར་འདོད་མཁན་ཡང་མང་མོད་རྒྱུ་མཚན་ཡོད་པར་མ་མཐོང་སྟེ། དང་པོ་ལྟར་ན། ཐ་སྙད་འདི་དགེ་འདུན་པ་མང་པོ་འདུ་བའི་ཚོགས་ཁང་སྟེ་ཆོས་ཁང་བྱེ་བྲག་པ་དེར་གོ་བས་ན་དགོན་སྡེ་སྤྱིའི་མིང་བོར་ནས་ཆོས་ཁང་བྱེ་བྲག་པ་ཞིག་གི་མིང་ཡུལ་ལ་ཐོགས་སྲོལ་ཞིག་ཕལ་ཆེར་མི་འདུག་སྙམ་པ་དང་། གཉིས་པ་ལྟར་ན་ཐ་སྙད་དེས་གནས་དེ་ན་དཔར་གྱི་དངོས་པོ་མང་པོ་ཡོད་ཚུལ་ཁོ་ན་ཙམ་སྟོན་པ་ལས་སངས་རྒྱས་སྟོང་གི་བྲིས་སྐུ་སོགས་ཡོད་ཚུལ་སྟོན་མི་ནུས་པས་མེས་པོ་དག་གིས་དེ་ལྟ་བུའི་དོན་གྱི་གནད་བོར་བའི་བརྡ་འདི་སྤྱོད་ཨེ་སྲིད་སྙམ། དེ་ལས་སྟོང་དཔོན་གྱི་སྒྲ་ཟུར་ཆག་ཅེས་བརྗོད་ན་གནས་ལུགས་དང་མཐུན་པར་སྙམ་སྟེ། སྤྱི་ལོའི་དུས་རབས་བདུན་པ་ནས་བརྒྱད་པའི་བར་ཐང་བོད་དབར་དམག་འཁྲུག་ཆེན་པོ་ཐེངས་གསུམ་བརྒྱབ་པའི་སྐབས་དག་ལ་བོད་ཀྱིས་རྒྱ་ཡུལ་དུ་རུ་སྡེ་ཆེན་མོའི་དཔུང་བཏེགས་པའི་ལོ་རྒྱུས་ཡོད་ལ། ལྷག་པར་དུ་ཁྲི་སྲོང་ལྡེ་བཙན་གྱིས་ཀྭ་ཀྲིག་དང་ཀན་ཀྲིག  སུའུ་ཀྲིག  ལྱིང་ཀྲིག་སོགས་ཀྱིས་གཙོས་པའི་རྒྱ་ཡུལ་ལ་བོད་དམག་སྟོང་སྡེ་བཅུ་ཙམ་བཏང་ནས་ཐང་གི་མངའ་ཁོངས་ཁག་གཅིག་བཟུང་སྐབས་ཤཱ་ཀྲིག་སྟེ་དེང་གི་ཏུང་ཧོང་གི་ས་ཆ་འདི་དམག་སྒར་ཆགས་སའི་གནས་གཙོ་བོ་གྱུར་པར་བཤད་ལ། ད་ལྟའང་ཡུལ་དེ་ན་སྟག་སྒྲ་ཀླུ་གོང་གི་ཡིན་ཟེར་བའི་བྲག་ཕུག་གཅིག་དང་ཁོང་གིས་བཞེངས་པར་གྲགས་པའི་མཆོད་རྟེན་ཡང་མངོན་སུམ་དུ་མཇལ་རྒྱུ་ཡོད་པར་བཤད་པས། དེ་ཡང་སྙན་གྲགས་ཆེ་བའི་དམག་སྤྱི་ཆེན་མོ་དག་གི་གོ་གནས་ཀྱི་མིང་སྟེ་དཔོན་མིང་ཡུལ་ལ་ཐོགས་པ་ཞིག་ཨེ་ཡིན་ནམ་སྙམ། དེ་དག་ལས་ཀྱང་བརྟག་རིན་ཡོད་པ་ཞིག་ནི་མདོ་སྨད་ཡུལ་ན་གནའ་ནས་ད་ལྟའི་བར་ཀ་རྒྱ་དང་ཁ་རྒྱ། ག་རྒྱ། རྒན་རྒྱ། སྔ་རྒྱ། སྔོ་རྒྱ། ཆ་རྒྱ། ཆི་རྒྱ། ཆུ་རྒྱ། ཆོ་རྒྱ། ཇེ་རྒྱ། ཏ་རྒྱ། ཐ་རྒྱ། ཐེབ་རྒྱ། ཐོ་རྒྱ། ད་རྒྱ། ན་རྒྱ། སྐྱ་རྒྱ། དོ་རྒྱ། སྤོ་རྒྱ། བ་རྒྱ། མ་རྒྱ། དམེ་རྒྱ། མོག་རྒྱ། ཚག་རྒྱ། རྫ་རྒྱ། ཝ་རྒྱ། ཟ་རྒྱ། ཟོ་རྒྱ། ཡ་རྒྱ། ར་རྒྱ། ལ་རྒྱ། ལེབ་རྒྱ། ཀླུ་རྒྱ། ལོ་རྒྱ། ཤ་རྒྱ། སེ་རྒྱ། སོ་རྒྱ། ཧ་རྒྱ། ཧི་རྒྱ། ཧོ་རྒྱ། ཨོ་རྒྱ་ལ་སོགས་གསལ་བྱེད་ཀྱི་ཕྲེང་བར་བསྟར་བའི་ས་མིང་མང་པོ་ཞིག་ཡོད་པ་དག་གི་ཚིག་ཚོགས་སམ་མིང་གི་ཆ་ཤས་ཕྱིམ་“རྒྱ་”འདི་ཡིན་ཅིང་། འདི་ལ་“རྒྱ་”ཁོ་ནར་མ་ངེས་པར་རྒྱལ་དང་གྱ་རུ་འབྲི་མཁན་དང་། གཞན་ཡང་རྒྱའི་སྐད་ཀྱི()སོགས་སུ་བྲིས་ནས་འགྲེལ་རྒྱག་པ་སོགས་སྣ་ཚོགས་པ་ཞིག་སྣང་མོད། ལོ་རྒྱུས་ཀྱི་བྱུང་རབས་དང་མིང་གི་འདོགས་ལུགས། མིང་དག་ཐོགས་སའི་རང་བྱུང་ས་བབ་ཀྱི་ངོས་ནས་འདང་བརྒྱབ་ན། དེ་དག་ནི་བཙན་པོའི་སྐབས་ཀྱི་བརྒྱ་སྡེ་ཞེས་པའི་དཔུང་གི་སྒྲིག་གཞིའི་མིང་དང་འབྲེལ་ཆེ་བར་མཐོང་སྟེ། སྲོང་བཙན་སྒམ་པོའི་སྐབས་སུ་རུ་སྡེ་དང་སྟོང་སྡེ། བརྒྱ་སྡེ། བཅུ་སྡེ་གང་ཡིན་ཡང་དམག་དཔུང་གི་སྒྲིག་གཞིའི་མིང་རྟགས་རྣམས་གསལ་བྱེད་ཀྱི་ཕྲེང་བར་བརྒྱུས་ཤིང་དེ་དག་ལ་རིམ་པ་ལྟར་དབྱངས་ཡིག་སྦྱར་ནས་བ་ཏགས་པ་ཡིན་ཚུལ་ལོ་རྒྱུས་དེབ་ཐེར་དག་ལས་རྟོགས་ནུས་ཏེ། དགེ་ཆོས་ཀྱིས། མདོ་སྨད་དང་འབྲེལ་བའི་ཤར་ངོས་ཀྱི་ཡུལ་རྣམས་ལ་ཡང་ཀ་ཆུ་དང་ཐོ་ཆུ། སི་ཆུ། བ་ཆུ། བེ་ཆུ། ཀླུ་ཆུ། (ལུ་ཆུ་ཡིན་ནམ་སྙམ་)རྫ་ཆུ་ལྟ་བུའི་ཐ་སྙད་ཡོད་པ་དག་འགའ་ཞིག་གིས་རྒྱ་སྐད་ཡིན་ཚུལ་དུ་བྲིས་ཀྱང་དོན་ལ་ཆུ་དག་གི་འགྲམ་རྒྱུད་མགོ་ནས་མཇུག་བར་བོད་ཀྱི་དམག་དཔུང་གིས་བཟུང་བ་ན།  ཆུ་དེ་གའི་མིང་ཡུལ་ལ་ཐོགས་ལ། ཐ་སྙད་དག་གི་ཚིག་གྲོགས་སྔ་མ་ཀ་དང་ཐོ། སི། བེ། ཀླུ། རྫ་ལ་སོགས་པ་ཐམས་ཅད་བཙན་པོའི་སྐབས་ཀྱི་དམག་དཔུང་གི་མིང་དང་འབྲེལ་ཆེ་བར་ཡོད་ཚུལ་གསུངས་པའི་ཕྱིར་རོ།། འདིའི་ངོས་ནས་དཔྱད་ན། ད་ལྟའི་ཀན་མཚོ་སྔོན་གྱི་དཔའ་ལུང་དང་འབའ་རྫོང་། གཅན་ཚ་རྫོང་། མང་བྱ་རྫོང་། དགའ་བདེ་རྫོང་། ཡུལ་ཕྱུག་ཁུལ་སོགས་དང་ཀན་ལྷོའི་རྨ་ཆུ་ཀླུ་ཆུ། ཟི་ཁྲོན་རྔ་བ་ཁུལ། བོད་ལྗོངས་ལྷོ་རོང་རྫོང་།  མེ་ཏོག་རྫོང་།  སྟག་རྩེ་རྫོང་། རྣམ་གླིང་རྫོང་། དཔལ་མགོན་རྫོང་སོགས་ན་ཡོད་པའི་ཀ་རུ་དང་ཁ་རུ། གོ་རུ། ཐ་རུ། མ་རུ། མེ་རུ། ཀ་པ། ཀེ་པ། ཁ་པ། ཁེ་པ། ཁོ་ཆུ། ཆ་རིས། ཆེ་པ། ཇ་པ། ཉ་པ། ཐོ་པ། མེ་པ། ཡི་པ། ཤི་པ། ཤེ་པ། སེ་པ། ལོ་པ། ཐོ་པ། ཝོ་པ། ཧོ་པ།  ཨོ་པ།  ཀ་རྟགས།  ཀ་ཚལ། ཀ་ཆེན།  ཀ་ཆུང་།  ཀ་སྟོད།  ཀ་ཁ་མདོ།  ཀ་ཚང་དང་གུ་ཚང་། (མིང་འདི་དེང་གི་ཀན་སུའུ་ཝུའུ་ལེ་ས་ཆར་བཤད)) ཆ་ཚང་།  ཇ་ཚང་།  ཉ་ཚང་།  ད་ཚང་།  མ་ཚང་།  ཝ་ཚང་། ཨ་ཚང་། ཏ་དཔོན། ཏེ་མང་། དོ་པ། དོ་སྐོར། དོ་ཞོལ། ཆོ་སྐོར། ཝ་མདའ། ཨ་གྲོང་། གོ་སྨད། ན་སྐོར་མ། ན་ཆེན། ན་བཙན། མ་རུ། མ་ཆེན། འ་ཆེན། པ་ཚབ། ཙ་གོང་། ཚོ་སྟོད། ཚོ་སྨད། སའི་སོ། སེ་མང་། ར་སྟོད། ར་སྨད། ལི་རྫོང་། ལི་ཕུ། ལི་སྟོད། ལི་སྨད། (འདི་ལས་དཔྱད་ན་མཚོ་སྔོན་གཅན་ཚ་ན་རྐ་ཕུག་གམ་སྐ་ཕུག་ཅེས་པའི་ས་མིང་ཞིག་ཡོད་པ་དོན་ལ་ཀ་ཕུ་ཡིན་པར་འདོད་དེ། ཡུལ་འདིའི་ཉེ་འཁོར་རྡོ་བིས་དང་ནང་ཆེན།  ཁྲི་ཀ  རྩེ་ཁོག  དཔའ་ལུང་། དར་ལག་རྫོང་སོགས་ན་ཀ་གཞུང་དང་ཀ་རིང་།   ཀ་ཐུང་།  ཀ་སྟོད།  ཀ་སྨད།  ཀ་མདོ།  ཀ་ཆུང་། ཀ་གཞུར་ལ་སོགས་པའི་ས་མིང་ཡོད་པས་སོ།།) ལུ་ཁྲི། ལེ་སྟེང་། ཙ་གོང་། ཨ་སྡེ། ཨ་མཆོག   ཨ་དབང་ལ་སོགས་པའི་ས་མིང་རྣམས་སྔོན་གྱི་གསལ་བྱེད་ལ་སྦྱར་བའི་དམག་དཔུང་གི་སྒྲིག་གཞིའི་ཐ་སྙད་དག་ཡུལ་ལ་ཐོགས་པ་མངོན་གསལ་རེད། ཨ་མདོ་རྔ་པ་ཞེས་པའི་མིང་འདི་ལ་ས་དེའི་ཡུལ་པ་ཚོའི་བཤད་རྒྱུན་དུ་ཡུལ་དེའི་མི་རྣམས་སྟོད་མངའ་རིས་ནས་མཆེད་པས་ན་མངའ་རིས་པ་སྟེ་བསྡུས་ནས་མངའ་པ་དང་། དེ་ཡང་རྗེས་སུ་སྒྲ་ཟུར་ཆག་ནས་རྔ་པར་འགྱུར་ཚུལ་གྱི་གཏམ་ཡོད་ཀྱང་། ཁོ་བོས་བལྟས་ན་དེ་ཡང་ང་པའི་སྒྲ་ཟུར་ཆག་པར་འདོད་དེ། ཡུལ་དེ་ན་ད་དུང་ང་སྟོད་དང་ང་སྨད་ཀྱི་ས་མིང་ཡང་ཡོད་པས་སོ། གཞན་ད་དུང་གོང་གི་ཡུལ་དག་ན་ཀ་ལ་དང་ཀྭ་ཧྭ། གྭ་ཐ། གྭ་ལ། ཁུ་ནུ་དང་གེ་བོ། གེ་རེ། ཁོ་ཚེ། ཁ་ཏི། ཛེ་ཏི། ཅ་ཅུ། ཅ་ལ། ཆ་ཛི། ཆག་མ། ཐ་ཙ། ཐོ་གེ། ཐོ་སི། ཁ་པོ། ཙ་ཡེ། ཇ་ཙ། མ་ངེ་། མི་ཆུ། མི་རུ། མེ་མུ། མོ་དོ། མ་ཟེ། མོ་ཟི། ཚ་ཁོ། ར་ཁོ། ཚི་ཀེཙི་རི། ཟོ་དོ། ཅོ་ནེ། ར་ལ། ལི་ཕུ།  ཧ་ཏ། ཧ་ཤ་ཧི་ར། ཨ་ལ་ལ་སོགས་པའི་ས་མིང་ཡོད་པ་རྣམས་ཀྱང་གསལ་བྱེད་ལ་སྦྱར་བའི་དམག་དཔུང་གི་སྒྲིག་གཞིའི་མིང་རྟགས་གཉིས་ཡན་ལྷན་ཅིག་ཏུ་བསྡུས་པ་རེད་སྙམ་སྟེ་དཔེར་ན། དམག་དཔུང་ཅ་པ་དང་ཅུ་པ་གཉིས་ལྷན་ཅིག་ཏུ་བསྡུས་ན་ཅ་ཅུ་རུ་གྱུར་པ་ལྟ་བུའོ། །

 

དམག་དཔུང་གི་མིང་རྟགས་འགོད་སྲོལ་འདི་རྗེས་ཀྱི་ལོ་རྒྱུས་དག་ནའང་མཐོང་རྒྱུ་མངོན་སུམ་དུ་ཡོད་དེ།  དགའ་ལྡན་ཕོ་བྲང་སྐབས་སུ་དམག་དཔུང་གི་སྒྲིག་གཞི་རིམ་པ་ལྟར་མདའ་དཔོན་སྡེ་ཚན་དྲུག་དང་དེའི་འོག་ཏུ་རུ་དཔོན་སྡེ་ཚན་བཅུ་གཉིས། དེའི་འོག་ཏུ་བརྒྱ་དཔོན་སྡེ་ཚན་ཉེར་བཞི། དེའི་འོག་ཏུ་ལྡིང་དཔོན་སྡེ་ཚན་བརྒྱ་དང་ཉི་ཤུ་རུ་བསྒྲིགས་ཡོད་པ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་མདའ་ཤོག་བཅུར་རྒྱ་བསྐྱེད་པ་དང་། སྤྱི་ལོ་1950ལོར་སླེབས་སྐབས་མདའ་ཤོག་བཅུ་དགུ་ཙམ་ཐོན་པ་དེའི་དམག་དཔུང་གི་ཚབ་རྟགས་ཀྱང་གསལ་བྱེད་ཀྱི་གོ་རིམ་ལྟར་ཀ་དང་དམག་སྒར། ཁ་དང་དམག་སྒར། ག་དང་དམག་སྒར། ང་དང་དམག་སྒར། ཅ་དང་དམག་སྒར། ཆ་དང་དམག་སྒར། ཇ་དང་དམག་སྒར། ཉ་དང་དམག་སྒར། ཏ་དང་དམག་སྒར། ཐ་དང་དམག་སྒར། ད་དང་དམག་སྒར། (ན་ཡི་དོན་མི་ལེགས་པས་བསྐྱུར་ཡོད་)པ་དང་དམག་སྒར། ཕ་དང་དམག་སྒར། བ་དང་དམག་སྒར། མ་དང་དམག་སྒར་ཞེས་པ་སོགས་ཀ་ནས་ཝའི་བར་དུ་བསྒྲིགས་ཡོད་པ་འདི་ལས་ལྷག་པའི་སྒྲུབ་བྱེད་གཞན་འཚོལ་མི་དགོས་སོ།  འགའ་ཞིག་གིས་དེ་ནི་ནུབ་ཕྱོགས་པའི་གསལ་བྱེད་ལ་སྦྱར་བའི་དམག་དཔུང་གི་སྒྲིག་སྲོལ་ལ་དཔེ་བལྟས་པར་བཤད་ཀྱང་། ཁོ་བོས་བལྟས་ན་དེ་ལས་ཀྱང་བོད་བཙན་པོའི་སྐབས་ཀྱི་དམག་དཔུང་གི་སྒྲིག་ལུགས་ལ་དཔེ་བལྟས་པའོ་ཞེས་བརྗོད་ན་གནས་ལུགས་དང་མཐུན་ཤས་ཆེ། དེས་ན་གསལ་བྱེད་ཀྱི་ཕྲེང་བར་བརྒྱུས་ཤིང་ཚིག་གྲོགས་ཕྱི་མ་“རྒྱ་”ཡིན་པའི་ས་མིང་འདི་དག་ཕལ་ཆེ་བ་རྨ་ཆུའི་ལྷོ་ནུབ་གཉིས་ཀྱི་འགྲམ་རྒྱུད་དང་ཤར་རྒྱུད་རྣམས་སུ་ཡོད་ཅིང་། བཅིངས་འགྲོལ་ཡར་སྔོན་ལའང་མཚོ་སྔོན་ཡུལ་ཕྱུག་ནང་ཆེན་དཔོན་གྱི་མངའ་ཁོངས་ན་ཡོད་པའི་ཚོ་ཁག་ཉེར་ལྔ་ལ་བརྒྱ་སྡེ་ཉེར་ལྔ་ཟེར་སྲོལ་ཡོད་པ་སོགས་ལ་བལྟས་ན།  ཐ་སྙད་འདི་དག་བཙན་པོའི་སྐབས་ཀྱི་བརྒྱ་སྡེའི་དམག་དཔུང་གི་སྒྲིག་གཞིའི་ཐ་སྙད་ལས་ཐོགས་པར་ཐེ་ཚོམ་མི་དགོས་ཏེ། བརྒྱ་སྡེ་རེ་ལ་དམག་གྲངས་བརྒྱ་ཡན་ཡོད་པར་བཤད་ལ། དེ་ཡང་གསལ་བྱེད་རྐྱང་པ་དང་དེ་དག་རེ་རེ་ལ་དབྱངས་བཞི་སྦྱར་བས་བསྡོམས་ན་བརྒྱ་སྡེ་བརྒྱ་དང་ལྔ་བཅུ་ཡན་ལོངས་པ་སྟོང་སྡེ་ཆེན་མོའི་གྲངས་དང་ཡོངས་སུ་མཉམ་ཡོད། དེའི་སྟབས་ཀྱིས། ཐ་སྙད་འདི་དག་གི་ཚིག་གྲོགས་ཕྱི་མ་“རྒྱ་”་ཡི་དོན་ངོ་མ་ནི་“བརྒྱ་”ཡིན་པར་འདོད་དེ། དེ་དག་ལས་ས་མིང་འགའ་རེ་ཡུལ་དུས་དབང་གིས་ལོ་རྒྱུས་ཆུ་རྒྱུན་ཁྲོད་དུ་ཡལ་ནའང་གསལ་བྱེད་ཀྱི་གོ་རིམ་ལ་སྦྱར་བའི་གནའ་བོའི་ས་མིང་མང་པོ་ཞིག་ནི་མདོ་སྨད་རྨ་ཆེན་སྦོམ་ར་ནས་རྒྱའི་མཆོད་རྟེན་དཀར་པོའི་ཡུལ་དག་ནས་འཚོལ་ནུས་ཏེ། མཚོ་སྔོན་ཆབ་འགག་རྫོང་དང་གཅན་ཚ་རྫོང་གཅན་ཚ་ཐང་ན་ཡོད་པའི་ཀ་རྒྱ་ཞེས་པ་དེ་ཀ་བརྒྱ་ལ་གོ་དགོས་པ་ལྟར་རིམ་པ་བཞིན་མཚོ་སྔོན་རེབ་གོང་རྫོང་དང་མང་བྱ་རྫོང་། ཀན་ལྷོ་བླ་བྲང་རྫོང་ཁོངས་སོགས་ན་ཡོད་པའི་ཁ་རྒྱ་ཞེས་པ་དེ་ཁ་བརྒྱ་དང་། དཔའ་ལུང་རྫོང་ཁོངས་ན་ཡོད་པའི་ག་རྒྱ་ཞེས་པ་དེ་ག་བརྒྱ། (མཚོ་སྔོན་སྐུ་འབུམ་རྫོང་དང་ཁྲི་ཀ་རྫོང་།  གསེར་ཁོག་རྫོང་།  ཀན་ལྷོ་བླ་བྲང་རྫོང་ཁོངས་སོགས་ན་ཡོད་པའི་རྒན་རྒྱ་ཞེས་པ་ནི་ག་བརྒྱའི་སྒྲ་ཟུར་ཆག་པ་ཡིན་ནམ་སྙམ།)མཚོ་སྔོན་ཁྲི་ཀ་རྫོང་ཁོངས་ན་ཡོད་པའི་སྔ་རྒྱ་ཞེས་པ་སྒྲ་མཚུངས་འདྲེན་ཚུལ་ཏེ་དོན་ལ་ང་བརྒྱ།  གཙན་ཚ་དང་ཁྲི་ཀ  རྡོ་སྦིས།  རྩེ་ཁོག་རྫོང་སོགས་ན་ཡོད་པའི་སྔོ་རྒྱ་ཞེས་པ་ནི་ངོ་བརྒྱ་དང་སྐྱ་རྒྱ་ཞེས་པ་(ཡུལ་དེའི་བཤད་རྒྱུན་ལ་གཙོས་པདྨ་སྐྱབས་ཀྱིས་སྐྱ་མི་བརྒྱ་ལྷག་ཁྲིད་ནས་ཡུལ་དེར་ཕྱིན་ནས་གཞིས་ཆགས་པས་མིང་དེ་ཐོགས་པར་བཤད་ཀྱང་དེ་དཔོན་ཚང་གི་བྱུང་རབས་ཡིན་ན་ཅི་ཤེས།)དོན་ལ་ཅ་བརྒྱའམ་ཇ་བརྒྱའི་སྒྲ་ཟུར་ཆག(ཁ་ཅིག་གིས་ཀྱ་བརྒྱ་རུའང་འགྲེལ།)དཔའ་ལུང་རྫོང་ཁོངས་ན་ཡོད་པའི་ཆ་རྒྱ་ཞེས་པ་ནི་ཆ་བརྒྱ། མཚོ་སྔོན་ཁྲི་ཀ་རྫོང་དང་ལུང་མདོ་རྫོང་། མཛོ་མོ་མཁར་རྫོང་སོགས་ན་ཡོད་པའི་ཆི་རྒྱ་དང་ཨ་རིག་རྫོང་ན་ཡོད་པའི་ཆུ་རྒྱ་ཞེས་པ་རིམ་བཞིན་ཆི་བརྒྱ་དང་ཆུ་བརྒྱ། ཁྲི་ཀ་རྫོང་ཁོངས་ན་ཡོད་པ་འི་ཆོ་རྒྱ་ཞེས་པ་ནི་ཆོ་བརྒྱ། དཔའ་ལུང་རྫོང་དང་ཙོང་ཁ་བདེ་ཁམས་ཁུལ་སོགས་ན་ཡོད་པའི་ཇེ་རྒྱ་ཞེས་པ་ནི་ཇེ་བརྒྱ།  རྡོ་བིས་རྫོང་ཁོངས་ན་ཡོད་པའི་ཏ་རྒྱ་ཞེས་པ་ནི་ཏ་བརྒྱ། (མང་མང་ཞིག་གིས་ཐ་སྙད་འདི་རྒྱའི་རུས་རྒྱུད་ཅིག་ལ་ངོས་འཛིན་ཀྱང་རྒྱུ་མཚན་ཡོད་པར་མ་མཐོང་།)དཔའ་ལུང་རྫོང་ཁོངས་ན་ཡོད་པའི་ཐ་རྒྱ་ཞེས་པ་ནི་ཐ་བརྒྱ། ཆབ་འགག་རྫོང་ཁོངས་ན་ཡོད་པའི་ཐེབ་རྒྱ་ཞེས་པ་ནི་མིང་གི་ཆ་ཤས་ཕྱི་མས་ཤ་ཆས་སྔོན་མ་མཐུན་པར་བྱས་ཚུལ་སྟེ་དོན་ལ་ཐེ་བརྒྱ། རེབ་གོང་རྫོང་ཁོངས་ན་ཡོད་པའི་ཐོ་རྒྱ་ཞེས་པ་ནི་ཐོ་བརྒྱ། གཅན་ཚ་རྫོང་ཁོངས་ན་ཡོད་པའི་དོ་རྒྱ་ཞེས་པ་ནི་བཙན་པོའི་རིང་ལ་ཕ་དོ་པའི་བུ་རྒྱུད་ཀྱིས་ས་དེ་བཟུང་བས་ན་མིང་དེ་ཐོགས་པ་ཡིན་ཟེར་ཏེ་དེ་ལྟར་ན་དོན་ལ་དོ་བརྒྱ།  དཔའ་ལུང་རྫོང་དང་གསེར་ཁོག་རྫོང་སོགས་ན་ཡོད་པའི་ན་རྒྱ་ཞེས་པ་ནི་ན་བརྒྱ། ནང་ཆེན་རྫོང་ཁོངས་ན་ཡོད་པའི་སྤོ་རྒྱ་ཞེས་པ་ནི་པོ་བརྒྱ། དཔའ་ལུང་རྫོང་དང་ཁྲི་ཀ་རྫོང་ཁོངས་ན་ཡོད་པ་འི་བ་རྒྱ་ཞེས་པ་ནི་བ་བརྒྱ། མཛོ་མོ་མཁར་རྫོང་དང་གསེར་ཁོག་རྫོང་ན་ཡོད་པའི་མ་རྒྱ་(ད་ལྟ་རུ་འབྲི་བཞིན་ཡོད་པ་ལས་བོད་ཡིག་གི་འབྲི་སྲོལ་མི་སྣང་)ཞེས་པ་ནི་མ་བརྒྱ། དཔའ་ལུང་རྫོང་དང་ལུང་མདོ་རྫོང་། མཚོ་སྔོན་གཅན་ཚ་རྫོང་ན་ཡོད་པའི་མོག་རྒྱ་ཞེས་པ་ནི་མིང་གི་ཆ་ཤས་ཕྱི་མས་ཆ་ཤས་སྔ་མ་མཐུན་པར་བྱས་ཚུལ་ཏེ་དོན་ལ་མོ་བརྒྱ། ཁྲི་ཀ་རྫོང་ཁོངས་སོགས་ན་ཡོད་པའི་དམེ་རྒྱ་དང་རྨེ་རྒྱ་ཞེས་པ་རྣམས་བརྗོད་བདེའི་དབང་གིས་སྒྲ་མཚུངས་འདྲེན་ཚུལ་ཏེ་མེ་བརྒྱའི་འབྲི་སྲོལ་གཞན། གཅན་ཚ་རྫོང་ཁོངས་སོགས་ན་ཡོད་པའི་ཚག་རྒྱ་ཞེས་པ་ནི་ཚ་བརྒྱ། ཡུལ་ཕྱུག་ནང་ཆེན་དང་རྫ་སྟོད་སོགས་ན་ཡོད་པའི་རྫ་རྒྱ་ཞེས་པ་ནི་ཛ་བརྒྱ།  དཔའ་ལུང་རྫོང་ཁོངས་ན་ཡོད་པའི་ཟ་རྒྱ་དང་འབྲི་སྟོད་རྫོང་ན་ཡོད་པའི་ཟོ་རྒྱ།  མགོ་ལོག་རྨ་ཆེན་རྫོང་ཁོངས་ན་ཡོད་པའི་ར་རྒྱ། ཟི་ལིང་དང་མང་བྱ་རྫོང་ན་ཡོད་པའི་ལོ་རྒྱ་དང་ཤ་རྒྱ།  གཙན་ཚ་རྫོང་དང་ཁྲི་ཀ་རྫོང་།  འབའ་རྫོང་སོགས་ན་ཡོད་པའི་སེ་རྒྱའམ་སེར་རྒྱ། ཆབ་འགག་དང་སྐུ་འབུམ་རྫོང་ན་ཡོད་པའི་སོ་རྒྱ། སྐུ་འབུམ་རྫོང་ཁོངས་ན་ཡོད་པའི་ཡ་རྒྱ། གཅན་ཚ་རྫོང་གི་ཧ་རྒྱ་གོང་བ་ཞེས་པའི་ཧ་རྒྱ། དཔའ་ལུང་རྫོང་དང་མཛོ་མོ་མཁར་རྫོང་།  ཀ་ཆུ་སོགས་ན་ཡོད་པའི་ཧི་རྒྱ།  རྡོ་སྦིས་རྫོང་དང་ཁྲི་ཀ་རྫོང་ཁོངས་སོགས་ན་ཡོད་པའི་ཧོ་རྒྱའམ་ཧོར་རྒྱ་སོགས་གོང་ལྟར་རིགས་བསྒྲེས། ས་བབ་ཀྱིས་འདེད་ན་མཛོ་མོ་མཁར་རྫོང་སོགས་ན་ཡོད་པའི་གནའ་ཤུལ་གྲགས་ཆེན་ཏེ་དེང་སྐབས་(喇家)རུ་འབྲི་སྲོལ་ཡོད་པ་དེ་དོན་ལ་ལ་བརྒྱ་དང་། དཔའ་ལུང་རྫོང་ཁོངས་ན་ཡོད་པའི་ལེབ་རྒྱ་ཞེས་པའང་མཐུན་འགྱུར་གྱི་འབྲི་ཚུལ་ཏེ་དོན་ལ་ལེ་བརྒྱ། གཅན་ཚ་དང་སྐུ་འབུམ་རྫོང་ཁོངས་ན་ཡོད་པའི་ཀླུ་རྒྱ་ཞེས་པའང་ལི་བསམ་བརྒྱ་འམ་ལུ་བརྒྱ་ཡིན་པར་འདོད།  འདི་ལྟ་བུའི་ས་མིང་ནི་སྟོད་མངའ་རིས་སོགས་རྒྱ་བལ་དང་འབྲེལ་བའི་ས་མཚམས་རྣམས་སུའང་མཐོང་རྒྱུ་ཡོད་པར་བཤད་ཀྱང་།  ཁོ་བོ་གནས་དེ་དག་ལ་མ་ཕྱིན་ཅིང་དེའི་ཕྱོགས་ཀྱི་ཡིག་ཆའང་ལག་སོན་མ་བྱུང་བས་ཐེངས་འདིའི་ས་དཔྱད་ཡུལ་དུ་འཛིན་མ་ཐུབ་པ་ལ་ཤིན་ཏུ་ཕངས་སེམས་ཆེའོ། །  །། 

མཆན་འགྲེལ།

① མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། སྤྱི་ལོ་། 987.7.6 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན།  ཤོག་ངོས། 274-275②③ གངས་ཅན་རིག་མཛོད།12 དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།དེབ་གསུམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། ཤོག་ངོས། 217,217-218

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post