རྒྱ་ནག་ནང་མི་ཞིག་གིས་གང་བྱུང་མི་ཚོགས་ཁྲོད་གྲིས་བརྒྱབ་སྟེ་མི་བདུན་བསད་དེ་མི་བདུན་ལ་རྨས་སྐྱོན་བཟོས་ཡོད་འདུག
དེ་རིང་སྔ་དྲོ་རྒྱ་ནག་བྱང་ཤར་ལའོ་ནན(Liaoning)ཞིང་ཆེན་ཀའེ་ཡན(Kaiyuan)གྲོང་ཁྱེར་ནང་། མི་ཞིག་གིས་གང་བྱུང་མི་ཚོགས་ཁྲོད་གྲིས་བརྒྱབས་ཏེ། མི་ ༧ བསད་ཡོད་པ་དང་མི་ ༧ ལ་རྨས་སྐྱོན་བཟོས་ཡོད་འདུག རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྐྱེས་པ་དེས་དྲག་སྤྱོད་སྤེལ་དགོས་པའི་རྒྱབ་ལྗོངས་གནས་ཚུལ་ད་དུང་ཤེས་རྟོགས་བྱུང་མེད་སྐོར་བཀོད་འདུག
དེ་འབྲེལ་གནས་ཚུལ་ནང་རྒྱ་ནག་གཞུང་གིས་བདེ་སྲུང་ཉེན་རྟོག་ཕྱོགས་ནས་མི་སྣ་དེ་འཛིན་བཟུང་བྱས་ཚར་ཡོད་པ་དང་།
ཁོའི་མིང་ལ་(Yang)ཟེར་བ་ཞིག་ཡིན་ན་ཡང་ཁོས་དྲག་སྤྱོད་སྤེལ་དགོས་པའི་རྒྱབ་ལྗོངས་གནས་ཚུལ་ད་དུང་ཤེས་རྟོག་བྱུང་མེད་པ་དང་།
དྲག་སྤྱོད་སྤེལ་གནས་སྤྱི་བའི་འདུ་གནས་ཀྱི་ཁྲུས་ཁང་ཞིག་གི་ཕྱི་རོལ་ཡིན་སྐོར་བརྗོད་འདུག
རྒྱ་ནག་ནང་ལོ་རེ་བཞིན་གྲི་དང་མཚོན་ཆའི་དྲག་སྤྱོད་དོན་རྐྱེན་བསྟུད་མར་བྱུང་བཞིན་ཡོད་པ་དང་།
འདི་ལོའི་ཕྱི་ཟླ་ ༦ ཚེས་ ༤ ཉིན་
རྒྱ་ནག་ལྷོ་ཕྱོགས་ཀང་ཞི་(Guangxi)ཞིང་ཆེན་ཝུ་ཀྲུའུ་
(Wuzhou)གྲོང་ཁྱེར་གྱི་བྱིས་གཉོར་ཁང་ཞིག་ཏུ། སློབ་གྲྭའི་བདེ་སྲུང་སྐྱེས་པ་ལི་མིང་ཅན་ཞིག་གིས་སློབ་ཕྲུག་དང་དགེ་རྒན་ཚོར་གང་བྱུང་གྲིས་བརྒྱབས་ཏེ། སློབ་ཕྲུག་དང་དགེ་རྒན་ ༤༠ ཙམ་ལ་རྨས་སྐྱོན་བཟོས་ཡོད་པ་རེད།
རྒྱ་ནག་གཞུང་གིས་དེ་ལྟ་བུའི་གནས་ཚུལ་བྱུང་སྐབས་ཆབ་སྲིད་ཀྱི་ཟིང་རྙོག་ལ་འགྱུར་ཡོང་བསམ་ནས།
གནས་ཚུལ་སྦས་གསང་དང་མི་མང་ལ་དམ་དྲག་སོགས་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། དེ་སྔོན་རྒྱ་ནག་གི་སློབ་གྲྭ་དང་མེ་འཁོར་ས་ཚིགས་སོགས་སུ་གྲི་དང་མཚོན་ཆས་དྲག་སྤྱོད་དང་།
མི་གསོད་དོན་རྐྱེན་མང་པོ་བྱུང་ཡོད་ཀྱང་། རྗེས་སུ་དྲག་སྤྱོད་སྤེལ་མཁན་མི་སྣ་དེ་དག་ལ་ཉེས་ཆད་ག་རེ་བཅད་ཡོད་སོགས་ནས་ཕྱིར་བསྒྲགས་བྱེད་བཞིན་མེད་པ་རེད།
ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་བྱིས་གཉོར་ཁང་ཞིག་ཏུ་འབར་རྫས་གཡུགས་ཏེ།
མི་གྲངས་ ༥༩ ལ་རྨས་སྐྱོན་དང་མི་ ༧ རྐྱེན་འདས་སུ་སོང་ཡོད་པ་རེད། ཡང་ཕྱི་ལོ་ ༢༠༡༨ ལོར་བུད་མེད་ཅིག་གིས་སློབ་ཆུང་ཞིག་གི་ནང་གྲིས་གང་བྱུང་བརྒྱབ་སྟེ་སློབ་ཕྲུག་
༡༤ རྨས་སྐྱོན་བཟོས་ཡོད་པ་དང། སྔར་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་ཧུའུ་ནན་ཞིང་ཆེན་སྔོན་འགྲོའི་སློབ་གྲྭ་ཞིག་ནང་།
སྐྱེས་པ་ཞིག་གིས་སློབ་ཕྲུག་ཚོར་གྲིས་བརྒྱབས་ཏེ་སློབ་མ་ ༢ བསད་པ་དང་། སློབ་ཕྲུག་ ༢ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག
རྒྱ་ནག་གཞུང་གི་ཞིབ་འཇུག་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༡༠ ནས་ ༢༠༡༧ བར་རྒྱ་ནག་གི་སློབ་གྲྭ་ཁག་གི་ནང་གང་བྱུང་གྲིས་བརྒྱབས་ཏེ་ཉུང་མཐར་དགེ་སློབ་ ༨༠ ལྷག་དམར་གསོད་བཏང་ཡོད་པ་དང་། མི་ ༢༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག་ལ། ལག་དམར་བ་མང་ཆེ་བས་གཞུང་ཞབས་པ་དང་གང་ཟག་སྒེར་ལ་ཤ་འཁོན་རྩོད་ཆེད་བྱིས་པར་གྲིས་བརྒྱབས་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་དྲག་སྤྱོད་སྤེལ་མཁན་གྱི་མི་སྣ་དེ་དག་ཐང་ཐང་མེད་སྐོར་བརྗོད་ཡོད་པ་རེད།