མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་འགན་འཛིན་ནས་སྔོན་འགོག་སྨན་ཁབ་ཡོད་ཀྱང་ཏོག་ནད་མུ་མཐུད་ཡུན་རིང་གནས་རྒྱུ་ཡིན་སྐོར་བརྗོད་འདུག
དེ་རིང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་འགན་འཛིན་ཊེ་སྒྲི་རའོ་ཨ་དྷ་ནོམ(Tedros Adhanom Ghebreyesus)ཟེར་བས། འཕྲོད་བསྟེན་ལྷན་ཚོགས་ཀྱི་གསལ་འགོད་གསལ་བསྒྲགས་དང་འབྲེལ། ཏོག་ནད་སྔོན་འགོག་སྨན་ཁབ་ཡོད་པ་ཙམ་གྱིས་ཏོག་ནད་རྩ་མེད་སོང་བ་མིན་པ་དང་། ཏོག་ནད་དེ་ད་དུང་དུས་ཡུན་རིང་བོར་གནས་རྒྱུ་ཡིན་སྟབས། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མི་མང་ནས་སྔར་བཞིན་ཏོག་ནད་ཁྱབ་གདལ་མི་འགྲོ་ཆེད་ཡིད་གཟབ་དགོས་སྐོར་བརྗོད་འདུག
གསལ་འགོད་གསལ་བསྒྲགས་སྐབས་ཁོས། ད་ལྟའི་ཆར་ཁྱབ་བསྒྲགས་ཤུགས་ཆེར་འགྲོ་བཞིན་པའི་ཏོག་ནད་སྔོན་འགོག་སྨན་ཁབ་ཀྱིས་ཏོག་ནད་རྩ་མེད་བཟོ་མི་ཐུབ་པ་དང་།
ལོ་འདི་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་ཆགས་ཡོད་པ་ང་ཚོས་ཤེས་ཡོད་ལ། མི་མང་པོ་ཞིག་སུན་སྣང་སྐྱེས་བཞིན་ཡོད་ཀྱང་སྨན་ཁང་ཁག་ཏུ་ད་དུང་དཀའ་ངལ་ཤུགས་ཆེར་འཕྲད་བཞིན་ཡོད་པ་མ་ཟད།
འཛམ་གླིང་གི་ས་ཁུལ་མང་པོའི་ནང་ཏོག་ནད་སྔར་བཞིན་ཤུགས་ཆེར་འཕར་བཞིན་ཡོད་པ་དང་། དེ་ལས་ཆེ་བའི་དཀའ་ངལ་མུ་མཐུད་ཡོང་སྲིད་སྐོར་བརྗོད་འདུག
ཡང་ཁོས་མུ་མཐུད་སྔོན་འགོག་སྨན་ཁབ་ཡོད་པ་ཙམ་གྱིས་ཏོག་ནད་རྩ་མེད་སོང་བ་མ་ཡིན་པར། ཏོག་ནད་ཁྱབ་གདལ་གྱི་དཀའ་ངལ་མུ་མཐུད་ཡོང་བཞིན་ཡོད་སྟབས། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མི་མང་ནས་ཆོད་སེམས་ཆེན་པོས། ཏོག་ནད་ཁྱབ་གདལ་མི་འགྲོ་ཆེད་འཕྲོད་བསྟེན་བྱེད་སྒོ་ཁག་ཡག་པོ་སྒྲུབ་པ་ཡིན་ན། ཏོག་ནད་རང་བཞིན་གྱིས་རྩ་མེད་འགྲོ་ཐུབ་སྐོར་བརྗོད་འདུག ཁོའི་སྐད་ཆ་དེ་ནི་ཏོག་ནད་སྔོན་འགོག་སྨན་ཁབ་དངོས་སུ་སྤྱོད་རྒྱུར་ཉིན་ཤས་ལས་མེད་པ་དང་། འཛམ་གླིང་གི་མི་མང་པོས་ཏོག་ནད་སྔོན་འགོག་སྨན་ཁབ་ལ་རེ་བ་ཆེན་པོ་བྱེད་བཞིན་པའི་སྐབས་སུ་བཤད་པ་ཞིག་ཆགས་ཡོད་འདུག
འདི་ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གིས་ཏོག་ནད་འཛམ་གླིང་ཡོངས་སུ་ཁྱབ་གདལ་བཏང་བ་ནས། འཛམ་གླིང་འཕྲོད་བསྟེན་འགན་འཛིན་ནས་ཏོག་ནད་དང་འབྲེལ་ནས།
རྒྱ་ནག་གི་ཕྱོགས་བྱས་ཏེ་ལས་དོན་ཡག་པོ་མ་བསྒྲུབས་པ་དང་། དེ་བཞིན་ཏོག་ནད་རྐྱེན་གྱིས་འཛམ་གླིང་ཡོངས་སུ་མི་རྒྱུ་གཉིས་ལ་དཀའ་ཁག་མང་པོ་འཕྲད་བཞིན་ཡོད་ཀྱང་།
ཁོས་ད་བར་ཏོག་ནད་དང་འབྲེལ་ནས་མི་མང་ལ་སེམས་ཤུགས་དང་རེ་བ་སྐྲུན་ཐབས་ཀྱི་གཏམ་བཤད་སོགས་གང་ཡང་མ་བྱས་པ་མ་ཟད།
དུས་རྒྱུན་ནས་ཞེད་སྣང་སློང་ཐབས་དང་ཏོག་ནད་སྔོན་འགོག་ཐད་རེ་བ་མེད་སྐོར་སོགས་མང་པོ་ཞིག་བཤད་ཡོད་པ་རེད།
འཛམ་གླིང་གི་རྒྱལ་ཁབ་མང་པོའི་སྲིད་འཛིན་དང་མགོ་ཁྲིད་ཁག་ནས་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལས་ཀ་བྱེད་ཕྱོགས་ལ་སྐྱོན་བརྗོད་བྱས་པ་མ་ཟད།
ཨ་རིའི་སྲིད་འཛིན་ཊི་རུམ་ཕི་གཞུང་གིས་ཁོས་ལས་དོན་བྱེད་ཕྱོགས་དེ་ཕྱོགས་སུ་ལྷུང་ཡོད་པའི་སྐྱོན་བརྗོད་དང་ཉེན་བརྡ་རིམ་པར་བཏང་ཡང་།
ཉན་འཇོག་གང་ཡང་མ་བྱས་སྟབས་ཨ་རི་འཕྲོད་བསྟེན་ལྷན་ཚོགས་ནས་ཕྱིར་འཐེན་བྱ་དགོས་བྱུང་བ་དང་།
རྒྱ་ནག་གི་ཆབ་སྲིད་ལ་དམིགས་ནས་ཐའེ་ཝན་དང་འབྲེལ་བའི་ཏོག་ནད་སྐོར་གྱི་གནས་ཚུལ་མང་པོའི་ཐད་ལས་དོན་ཁག་ངོས་མེད་མ་བྱས་པ་དང་།
ཐའེ་ཝན་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ལ་ཞུགས་བཅུག་གི་མེད་པ་མ་ཟད། ཐའེ་ཝན་ཕྱོགས་ནས་ཁོ་ལ་འཇིག་སྐུལ་བྱེད་བཞིན་ཡོད་སྐོར་སོགས་ཀྱི་གཏམ་བཤད་ཡོངས་བསྒྲགས་ངང་བྱས་ཡོད་པ་རེད།
ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་གཞན་དག་གི་མགོ་ཁྲིད་ཚོ་ལས་ཀྱང་། ཁོ་རང་གི་རྒྱལ་ཁབ་ཨེ་ཐོ་པའེ་ཡཱ་(Ethiopia)ཡི་དམག་གཞུང་གི་དམག་དཔོན་(Gen.
Berhanu Jula)ནས། འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་ཊེ་སྒྲི་རའོ་ཨ་དྷ་ནོམ་ནས། ཡུལ་དེའི་(Tigray
region)ཞེས་པའི་ས་ཁུལ་ནང་ཡུལ་དམག་དང་གཞུང་དམག་བར་འཁྲུག་རྩོད་བྱེད་བཞིན་པའི་སྐབས། ཁོ་ཡུལ་དེའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་སྐོར་སྐྱོད་ཀྱིས་ཡུལ་དམག་ལ་མཚོན་ཆ་སྤྲོད་ཐབས་དང།
དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པས་ཁོ་ནི་ཉེས་ཅན་པ་ཞིག་ཡིན་པ་དང་། ཁོ་མགྱོགས་མྱུར་ངང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གོ་གནས་ནས་གཡུག་དགོས་སྐོར་གྱི་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱི་གྲངས་ཐོ་ལྟར་ན། ད་ལྟ་བར་འཛམ་གླིང་ཡོངས་སུ་ཏོག་ནད་སྔོན་འགོག་སྨན་ཁབ་ ༡༦༣ ཡོང་བཞིན་ཡོད་པ་དང་། དེ་དག་ལས་སྨན་ཁབ་ ༥༡ མིའི་ལུས་ཐོག་ལ་དངོས་སུ་ཚོད་ལྟ་བྱས་ཡོད་པ་དང་། སྨན་ཁབ་ ༡༣ མིའི་ལུས་སྟེང་ལ་དངོས་སུ་ཚོད་ལྟ་བྱས་ཏེ་མཐའ་མའི་རིམ་པར་བསླེབས་ཡོད་སྐོར་བརྗོད་འདུག སྨན་ཁབ་དེ་དག་ལས་ཨ་རིའི་ཧྥེ་ཛར་སྨན་རྫས་བཟོ་སྐྲུན་ཁང་གི་འགོག་སྨན་མི་རིང་བར་དབྱིན་ཡུལ་དང་ཨ་རི་སོགས་ཀྱི་དངོས་སུ་སྤྱོད་རྒྱུ་ཡིན་པ་རེད།