དེང་སང་བོད་ནང་དུ་ས་ཟ་མཁན་མང་པོ་འདུག་ཟེར།

བོད་ནང་དུ་བུད་མེད་ས་ཟ་མཁན་མང་པོ་ཡོང་གི་ཡོད་པ་མ་ཟད་གནད་དོན་དེས་ཁྲག་དཀོན་པོར་འགྱུར་བ་དང་དོན་ལྔ་སྣོད་དྲུག་ལ་ན་ཚ་རིགས་མང་པོ་ཡོང་གི་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན། བོད་ཀྱི་ཨེ་འགོག་རང་འདུན་པ་ཆོས་དཔལ་བཟང་བོ་ལགས་ནས། ཁོང་གི་འཕྲོད་བསྟེན་སྤྱི་སྟེགས་སྟེང་སྤེལ་བའི་གནས་ཚུལ་ནང་། དེང་སང་བོད་ཁུལ་དུ་ས་ཟ་མཁན་མང་པོ་འབྱུང་གི་ཡོད་པ་མ་ཟད། ལྷག་པར་དུ་བུད་མེད་ཚོའི་ཁྲོད་ས་ཟ་མཁན་ཤུགས་ཆེར་ཡོང་གི་ཡོད་པ་དང་། གནད་དོན་དེས་བུད་མེད་མང་པོར་ཁྲག་དཀོན་པོར་འགྱུར་བ་དང་། ས་སོགས་ཟ་ཡུན་རིང་སོང་བས་ལུས་ཀྱི་དོན་ལྔ་གནོད་དྲུག་ཚང་མར་གནོད་སྐྱོན་ཕོག་མཁན་མང་པོ་ཡོད་སྐོར་བརྗོད་འདུག

 

དེ་འབྲེལ་གནད་དོན་ཐད་ཁོང་གིས་སྒྲ་ལམ་ནས་བཤད་པའི་གནས་ཚུལ་ནང་། དེང་སང་བོད་ཁུལ་ན་ནད་རིགས་གཞན་ཞིག་སློང་མཁན་གྱི་རྒྱུ་གཙོ་བོ་ནི། ས་ཆ་མང་པོ་ན་ས་ཟ་མཁན་མང་པོ་ཡོང་གི་ཡོད་པ་དང་། བཟའ་རྒྱུའི་ས་དེ་ཡང་ས་ནག་དང་ས་དཀར་སོགས་མ་ཡིན་པར་ཨ་ཀར་རིགས་ཀྱི་ས་ཟ་བཞིན་ཡོད་པ་དང་། ས་ཟ་བར་དགའ་བ་དེ་སྤྱིར་བཏང་གི་དགའ་བ་ཙམ་ཞིག་མ་ཡིན་པར། དུད་ཆང་ལ་དགའ་མཁན་ཚོ་ལྟ་བུ་དང་ཚབས་ཆེ་བ་དེ་དག་ཉལ་དུད་འཐེན་མཁན་ཚོ་ལྟ་བུ་ཡིན་པ་དང་། ས་ཟ་མཁན་མང་པོ་ཞིག་ལ་ནད་རིགས་སོགས་མང་པོ་བྱུང་རྐྱེན་བླ་མ་སོགས་ཀྱི་མདུན་ནས། བཙན་ཐབས་ཀྱིས་མཚམས་འཇོག་དགོས་པའི་དམ་བཅའ་ཕུལ་བཅུག་པའི་གནད་དོན་སོགས་ཡོད་སྐོར་བརྗོད་འདུག

 

ཡང་ཁོང་གིས་མུ་མཐུད་ས་ཟ་མཁན་ཚོར་རྒྱ་ནང་ནས་བརྟག་དཔྱད་བྱེད་སྐབས། ཟ་མ་ཡག་པོ་མི་ཟ་བ་དང་ལྷག་པར་དུ་བུད་མེད་ཚོས་ཟ་མ་ཡག་པོ་མ་ཟས་པས་ཟླ་མཚན་འབབ་ཆེ་བ་སོགས་ཀྱིས་ཁྲག་དཀོན་པའི་གནད་དོན་ལ་བརྟེན་ནས། ཁྲག་ནང་དུ་ལྕགས་རིགས་རྫས་ཕྲན་དཀོན་པོར་ཆགས་ཏེ། ས་དང་རྡོ། ལྕགས་དང་ཤིང་སོགས་ནམ་རྒྱུན་གྱི་ཟ་མ་མ་ཡིན་པའི་རིགས་ཟ་འདོད་ཀྱི་ཡི་ག་ཡོང་གི་ཡོད་སྐོར་བརྗོད་འདུག

 

མཇུག་ཏུ་ཁོང་གིས་ས་ཟ་འདོད་མཁན་ཚོས་སྔོན་ཚུད་ནས་སྨན་པར་བསྟེན་པ་ཡིན་ན། ཁྲག་ནང་རྫས་རིགས་གང་ཞིག་ཉུང་ཉུང་ཆགས་ཡོད་པའི་གནད་དོན་ཤེས་རྟོགས་ཐུབ་པ་མ་ཟད། སྨན་སོགས་གུང་ཚད་སླ་བོའི་ངང་ཡོད་པས་རང་ཉིད་ཀྱི་ལུས་ཕུང་ལ་དོན་མེད་དུ་ན་ཚ་རིགས་བྱུང་མི་དགོས་པ་མ་ཟད། བརྟག་བཅོས་སྲུང་གསུམ་ཡག་པོ་བྱས་ན། བྱེད་རྒྱུ་ཡོད་པའི་གནད་དོན་དེ་དག་ཚེ་རབས་ལས་ནད་དུ་བརྩིས་ནས་སྣང་མེད་དུ་མ་འཇོག་རོགས་ཞེས་བརྗོད་འདུག


སྤྱིར་འཛམ་གླིང་གི་ས་ཁུལ་མང་པོ་ན་ས་ཟ་མཁན་རིགས་ཁ་ཤས་ཡོང་གི་ཡོད་པ་དང་། དེ་དག་ཡང་གོང་དུ་བཤད་པ་ལྟར་ཟ་མའི་འཚོ་བཅུད་ཀྱིས་མ་འདང་བ་དང་། ལྷག་པར་དུ་འཚོ་བཅུད་དང་ཁྲག་གི་རྫས་རིགས་མ་འདང་བས་ཨ་ཧྥི་རི་ཁའི་བུད་མེད་མང་པོའི་ཁྲོད་ས་ཟ་མཁན་ཤུགས་ཆེར་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་ནས་ཡིན་པའི་མིང་ལ་
(Wuqibalaqiqige)འབོད་པའི་བུ་མོ་ལོ་ན་ ༡༩ ཡིན་པ་ཞིག་གིས། ཟ་མ་སོགས་ཅི་ཡང་མི་དགོས་པར་ཟ་རྐྱང་ཟས་ཏེ་ཟླ་གཉིས་རེར་འདུག་ཐུབ་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། ཁོ་མོར་བརྟག་དཔྱད་བྱེད་སྐབས་ན་ཚ་ཅི་ཡང་མེད་སྐོར་བརྗོད་ཡོད་པ་དང་། རྗེས་སུ་ཁོ་མོ་འཛམ་གླིང་ཅི་ནི་སི་(Guinness)ཟིན་ཐོའི་ནང་བཀོད་ཡོད་འདུག 

 

མཆན། ཨ་ཀར་ཞེས་པའི་ས་མིང་དེའི་དག་ཆ་གསལ་བོ་མ་ངེས་པས་དོ་སྣང་མཛོད། 

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post