ན་བུན་གྱིས་དབྱིན་ཡིག་ལས་བསྒྱུར།
ཤུགས་རྐྱེན་ཆེ་བའི་གཏམ་བཤད་འདིའི་ནང་།
མིང་གྲགས་ཆེ་བའི་རྩོམ་པ་པོས་ཨེ་སི་རིལ་ (Israel)
ནང་རྩོམ་རིག་གཟེངས་རྟགས་ཞལ་བཞེས་གནང་དོན་དང་།
ཅིའི་ཕྱིར་ང་ཚོས་སྒྲིག་འཛུགས་ལ་འཐབ་རྩོད་བྱེད་དགོས་དོན་གསལ་བཤད་བྱས་ཡོད།
སྒྲུང་རྩོམ་མཁན་ཞིག་གི་མིང་ཐོག་ནས། ང་དེ་རིང་རྗི་རུ་ས་ལིམ་ལ་ཡོང་བ་ཡིན།
བཤད་ཚུལ་ལ་སྒྲུང་རྩོམ་མཁན་ནི་རྫུན་གཏམ་གྱི་ལས་གཉེར་མཁན་ཞིག་རེད་ཟེར། དེ་ལོས་ཡིན་ང་ཚོ་ཚང་མས་མཁྱེན་གསལ་རེད།
རྫུན་གཏམ་མཁན་ནི་སྒྲུང་རྩོམ་མཁན་གཅིག་པུ་ག་ལ་ཡིན།
ད་དུང་ཆབ་སྲིད་པས་ཀྱང་རྫུན་བཤད་ཀྱི་འདུག
དུས་སྐབས་དང་བསྟུན་ནས་ཕྱི་འབྲེལ་མི་སྣ་དང་དམག་དོན་པ་ཚོས་རྫུན་བཤད་པ་ནང་བཞིན།
ཁང་པ་རྩིག་མཁན་དང་སེམས་ཅན་བཤའ་མཁན། རླངས་འཁོར་འཚོང་མཁན་ཚང་མས་རྫུན་བཤད་ཀྱི་འདུག
གང་ལྟར་སྒྲུང་རྩོམ་མཁན་གྱི་རྫུན་གཏམ་ནི་རྫུན་གཏམ་གཞན་དག་དང་ཡེ་ནས་མི་འདྲ་སྟེ།
སྒྲུང་རྩོམ་མཁན་གྱི་རྫུན་གཏམ་ནི་མིའི་ཀུན་སྤྱོད་དང་འགལ་བའི་རྫུན་གཏམ་རེད་ཅེས་སྐྱོན་བརྗོད་གནང་མཁན་འགའ་ཡང་མེད།
དོན་དངོས་སུ་སྒྲུང་རྩོམ་མཁན་གྱིས་རྫུན་གཏམ་ཅི་ཙམ་ལེགས་པོ་དང་ཆེན་པོ་གསར་གཏོད་བྱེད་ཐུབ་པ་དེ་ཙམ་གྱིས།
མང་ཚོགས་དང་དཔྱད་བརྗོད་པ་ཚོས་ཁོ་ལ་བསྔགས་བརྗོད་བྱེད་ཀྱི་འདུག
དེའི་རྒྱུ་མཚན་ག་རེ་ཡིན་ནམ་ཞེ་ན། ང་ཡི་དྲིས་ལན་འདི་ལྟ་སྟེ།
རྫུན་གཏམ་གྱི་རིག་རྩལ་ལ་བརྟེན་ནས།
སྒྲུང་རྩོམ་མཁན་གྱིས་རྟོག་བཟོ་བདེན་པར་བརྫུ་བའི་གསར་རྩོམ་ཀྱི་ལམ་ནས་དངོས་ཡོད་གནས་ཚུལ་གསལ་འདོན་བྱེད་ཀྱི་ཡོད། གནད་དོན་མང་པོ་ཞིག་གི་ཁྲོད་དུ།
དངོས་ཡོད་གནས་ཚུལ་གསལ་འདོན་གནང་རྒྱུ་ནི་མི་སྲིད་པ་ཞིག་རེད།
དེའི་ཕྱིར་ང་ཚོས་རྟོག་སྒྲུང་གསར་རྩོམ་གྱི་ལམ་ནས།
དོན་དངོས་ཀྱི་གབ་པ་མངོན་དུ་དབྱུང་བར་བརྩོན་དགོས་པ་རེད། གང་ལྟར་དོན་དངོས་དེ་མངོན་དུ་མ་ཕྱུང་སྔོན་ལ་ང་ཚོས་ཐོག་མར་དངོས་ཡོད་གནས་ཚུལ་དེ་ང་ཚོའི་ནང་སེམས་སུ་བདོག་པ་ངེས་པར་དུ་མངོན་གསལ་བྱེད་དགོས།
འདི་ནི་སྒྲུང་རྩོམ་མཁན་གྱིས་རྫུན་གཏམ་ཡག་པོ་སྒྲིག་པའི་ཡོན་ཚད་གལ་འགངས་ཆེན་པོ་ཞིག་ཡིན་འདུག
ཡིན་ནའང་དེ་རིང་ངས་རྫུན་གཏམ་བཤད་རྩིས་མེད། ང་རང་གི་ནུས་པའི་ལྕོགས་ཚད་ཀྱིས།
ང་དེ་རིང་ཟོལ་མེད་གཞུང་ངྲང་གི་མི་ཞིག་བྱེད་རྒྱུ་ཡིན།
ད་ལོར་ངས་རྫུན་གཏམ་མ་བཤད་པའི་ཉིན་འགའ་ཤས་མ་གཏོས་མེད།
དེ་རིང་ནི་ངས་རྫུན་མ་བཤད་པའི་ཉིན་དེ་དག་གི་གྲས་ཀྱི་གཅིག་ཡིན། དེར་བརྟེན་ངས་ཁྱེད་ཚོར་དངོས་ཡོད་གནས་ཚུལ་བཤད་ཀྱི་ཡིན།
ཉི་ཧོང་ནང་ང་ལ་རྒྱབ་སྐྱོར་གནང་མཁན་མི་མང་གིས།
ངས་རྗི་རུ་ས་ལིམ་གཟེངས་རྟགས་དང་ལེན་མི་བྱེད་པའི་བླང་བྱ་བཏོན་པར་མ་ཟད།
ཁ་ཅིག་གིས་གལ་ཏེ་ང་འདི་གར་ཡོང་ཚེ།
ཁོ་ཚོས་ངའི་དཔེ་དེབ་ཁག་བཀག་སྡོམ་བྱེད་རྒྱུ་ཡིན་པའི་ཐ་ཚིག་ཀྱང་བསྒྲགས་སོང་།
དེའི་རྒྱུ་མཚན་ནི་གྷ་རྫ་ (Gaza) གྲོང་ཁྱེར་ནང་ད་ལྟ་དམག་འཁྲུག་རྒྱག་བཞིན་ཡོད་པས་ཡིན་འདུག རྒྱལ་ཚོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན།
བཀག་སྡོམ་ཐེབས་པའི་གྷ་རྫ་གྲོང་ཁྱེར་དུ།
མི་མང་སྟོང་ཕྲག་ལྷག་གི་གཅེས་སྲོག་ཤོར་ཡོད་པ་དང་།
མི་མང་ཆེ་བ་ལག་ཏུ་མཚོན་ཆ་མེད་པའི་མི་སེར་དང་། བྱིས་པ། རྒན་རྒོན་ཡིན་འདུག
ང་ལ་གཟེངས་རྟགས་ཐོབ་པའི་བརྡ་འཕྲིན་ཐེངས་འགར་འབྱོར་རྗེས།
ངས་རང་ཉིད་ལ་སྐབས་འདི་འདྲ་ཞིག་ལ་ང་ཨེ་སི་རིལ་ནང་འགྲུལ་སྐྱོད་བྱས་ཏེ་རྩོམ་རིག་གཟེངས་རྟགས་དང་ལེན་བྱེད་པའི་གྲ་སྒྲིག་དགོས་མིན་དང་།
ཡང་ངས་སྐབས་འདི་འདྲ་ཞིག་ལ་རྩོམ་རིག་གཟེངས་རྟགས་དེ་བླངས་པ་ཡིན་ན།
ངས་འཁྲུག་རྩོད་དེའི་ཕྱོགས་གཅིག་ཟིལ་ཤུགས་ལྡན་པའི་དྲག་ཆས་དམག་དཔུང་གི་རྒྱལ་ཁབ་ཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་པ་ཡིན་མིན་ལ་དོགས་འདྲི་བྱས་པ་ཡིན།
ངས་དེ་ལྟར་བྱེད་པའི་རེ་འདུན་བཅངས་མེད།
ངས་ནི་དམག་འཁྲུག་གང་ལའང་ངོས་ལེན་བྱེད་འདོད་མེད་ལ།
རྒྱལ་ཁབ་གང་ལའང་རྒྱབ་སྐྱོར་ཡང་བྱེད་འདོད་མེད།
དེར་མ་ཟད་ངས་ད་དུང་རང་ཉིད་ཀྱི་སྒྲུང་དེབ་ཁག་བཀག་འགོག་བྱེད་པ་མཐོང་མི་འདོད།
གང་ལྟར་བསམ་བློ་ཡང་ནས་བསྐྱར་དུ་བཏང་རྗེས། ང་འདིར་ཡོང་རྒྱུ་ཐག་བཅད་པ་ཡིན།
ངས་འདི་ལྟར་ཐག་གཅོད་བྱས་པའི་རྒྱུ་མཚན་གཅིག་ནི།
མི་མང་གིས་ང་ལ་རྩོམ་རིག་གཟེངས་རྟགས་དེ་དང་ལེན་མི་བྱེད་པའི་བསླབ་བྱ་བརྒྱབས་པ་རེད།
གཅིག་བྱས་ན་སྒྲུང་རྩོམ་མཁན་གཞན་དག་དང་འདྲ་བར།
ངས་ཀྱང་བསམ་བཞིན་དུ་ང་ལ་བླང་བྱ་ག་རེ་བཏོན་པ་དེ་ལས་ཟློག་སྟེ།
ང་འདིར་ཡོང་ནས་གཟེངས་རྟགས་དེ་དང་ལེན་བྱེད་འདོད་བྱུང་བ་ཡིན་སྲིད།
གལ་ཏེ་མི་མང་གིས་ང་ལ། “དེར་མ་འགྲོ།” “དེ་མ་བྱེད།” ཅེས་བཤད་ཚེ།
ང་ནི་ལྷག་ཏུ་དེ་གར་འགྲོ་བ་དང་དེ་ལྟར་བྱེད་འདོད་བྱུང་། དེ་ནི་ཁྱེད་ཀྱིས་ང་སྒྲུང་རྩོམ་མཁན་ཞིག་གི་རང་གཤིས་ཡིན་ཚུལ་བཤད་ཆོག
སྒྲུང་རྩོམ་མཁན་ནི་དམིགས་བསལ་གྱི་རིགས་ཤིག་སྟེ།
ཁོ་ཚོས་རང་གི་མིག་མཐོང་ལག་ཟིན་མིན་པ་ཞིག་ལ་ཡིད་ཆེས་མི་སྲིད།
རྒྱུ་མཚན་དེའི་དབང་གིས་ང་འདིར་ཡོང་བ་ཡིན།
ང་རྒྱང་བཀྱེད་ནས་སྡོད་པ་ལས་ང་འདི་གར་བཅར་རྒྱུ་འདམ་གར་བཏང་བ་ཡིན།
ངས་རང་ཉིད་ཀྱི་མིག་གིས་མ་མཐོང་བ་ལས་དོན་དངོས་མཐོང་རྒྱུ་འདམ་གར་བཏང་བ་ཡིན།
ངས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཛིན་པ་ལས་ངས་ཁྱེད་ཚོར་སྐད་ཆ་གློད་རྒྱུ་འདམ་གར་བཏང་བ་ཡིན། ངས་རྣམ་པ་ཚོར་ང་རང་སྒེར་གྱི་བརྡ་འཕྲིན་ཞིག་སྤྲོད་ཆོག་པར་ཞུ།
བརྡ་འཕྲིན་དེ་ནི་ངས་ནམ་རྒྱུན་རྟོག་སྒྲུང་འབྲི་སྐབས་རང་སེམས་ལ་ཉར་ཡོད།
ངས་བརྡ་འཕྲིན་དེ་ཤོག་ངོས་ལ་བྲིས་ཏེ་རྩིག་ངོས་སུ་སྦྱར་མ་མྱོང་།
ཟློག་སྟེ་ངས་བརྡ་འཕྲིན་དེ་རང་སེམས་ཀྱི་རྩིག་ངོས་སུ་བརྐོས་ཡོད།
བརྡ་འཕྲིན་དེ་ནི་འདི་ལྟརདེ། “སྲ་ཞིང་མཐོ་བའི་རྩིག་གྱང་དང་།
དེ་ལ་བརྡབ་པའི་སྒོ་ང་གཉིས་བར་འདམ་ག་བྱེད་དགོས་ཚེ།
ང་ནམ་ཡང་སྒོ་ངའི་ཕྱོགས་སུ་ལང་ངེས་ཡིན།”
ཡིན་ཏེ་རྩིག་གྱང་ལ་བདེན་ཁ་ཅི་འདྲ་ཡོད་རུང་། སྒོ་ང་ལ་ནོར་འཁྲུལ་ཅི་འདྲ་ཆེ་རུང་།
ང་ནམ་ཡང་སྒོ་ངའི་ཕྱོགས་སུ་འགྲེང་ངེས་ཡིན། སུ་བདེན་སུ་རྫུན་ནི།
སྐྱེ་བོ་གཞན་པས་ཐག་གཅོད་དགོས་པའམ། གཅིག་བྱས་ན་དུས་རབས་དང་ལོ་རྒྱུས་གང་རུང་གིས་ཕུ་ཐག་ཆོད་ངེས་རེད། རྒྱུ་མཚན་གནས་ལུགས་ག་རེ་ཡོད་ཀྱང་།
གལ་ཏེ་སྒྲུང་རྩོམ་མཁན་ཞིག་རྩིག་གྱང་གི་ཕྱོགས་སུ་འགྲེང་བ་ཡིན་ན།
སྒྲུང་རྩོམ་པའི་རིན་ཐང་ག་རེ་འདུག་གམ། སྐད་ཆ་འདིའི་གོ་དོན་ག་རེ་ཡིན་ནམ་ཞེ་ན།
གནད་དོན་འགའ་ཤོས་ཀྱི་ཁྲོད་དུ། སྐད་ཆ་དེའི་གོ་དོན་ནི་ཧ་ཅང་སྤྱིར་བཏང་དང་ཧ་ཅང་གསལ་བོ་ཡིན་ཏེ།
འགད་གཏོར་གནམ་གྲུ་དང་། འཁྲབ་ལྡན་འཁོར་ལོ། མེ་ཤུགས་འཕུར་མདའ།
རྫུས་ལྡན་སྒྱོགས་མདེལ་བཅས་ནི་སྲ་ཞིང་མཐོ་བའི་རྩིག་གྱང་ཡིན་པ་དང་།
སྒོ་ང་ནི་ལག་ཏུ་དྲག་ཆས་མེད་པའི་མི་སེར་རྣམས་ཡིན་ཞིང་།
ཁོ་ཚོ་དྲག་ཆས་དེ་དག་གིས་ཚར་གཅོད་བྱེད་པ་དང་། གཞོབ་སྲེག་གཏོང་བ། དམར་གསོད་གཏོང་གི་ཡོད།
སྐད་ཆ་འདི་ལ་གོ་དོན་དེ་ཙམ་གྱིས་མི་ཚད་པར། དེ་ལས་ཟབ་པའི་གོ་དོན་གཞན་ཞིག་ཡོད་དེ།
ང་ཚོས་འདི་ལྟར་བསམ་ན་ཅི་འདྲ། ཆེ་རུང་ཆུང་རུང་།
ང་ཚོ་མི་རེ་རེ་སྒོ་ང་གཅིག་ལས་མི་འདས་ཤིང་། བཙན་རུང་གཉོན་རུང་།
ང་ཚོ་མི་རེ་རེས་སྲ་ཞིང་མཐོ་བའི་རྩིག་གྱང་ལ་ཁ་གཏད་གཅོག་གིན་ཡོད། རྩིག་གྱང་དེ་ལ་ད་དུང་སྒྲིག་འཛུགས་ཞེས་ཀྱང་འབོད།
སྒྲིག་འཛུགས་དེས་ང་ཚོ་སྲུང་ཞིང་སྐྱོབ་པར་སྙམ་རུང་།
སྐབས་ལན་རེར་སྒྲིག་འཛུགས་དེ་ལ་གསོན་ཤུགས་རྒྱས་པ་དང་།
དེ་ལ་འཛེམ་བག་མེད་པར་ནུས་ཤུགས་ཆེན་པོས་གོ་རིམ་དང་ལྡན་པའི་སྒོ་ནས།
ང་ཚོ་དམར་གསོད་བྱེད་འགོ་རྩོམ་པར་མ་ཟད། ད་དུང་ང་ཚོར་མི་སེར་གཞན་དམར་གསོད་བྱེད་དུ་འཇུག་པ་རེད།
ངས་རྟོག་སྒྲུང་འབྲི་བ་ལ་རྒྱུ་མཚན་གཅིག་ཡོད།
དེ་ནི་མི་སྒེར་རེ་རེའི་བླ་སྲོག་ལ་རྩིས་མཐོང་སྤྲོད་པ་དང་འོད་སྣང་བསྐྲུན་རྒྱུ་དེ་ཡིན།
སྒྲུང་རྩོམ་གྱི་དམིགས་འབེན་ནི། ང་ཚོར་དྲིལ་བརྡ་བཏང་སྟེ།
སྒྲིག་འཛུགས་ཀྱིས་ང་ཚོའི་བླ་སྲོག་ལ་སྡོམ་གཅུན་གཏོང་བ་སྔོན་འགོག་དང་ཐེར་འདོན་བྱེད་རྒྱུ་དེ་རེད། སྒྲུང་རྩོམ་མཁན་གྱི་ལས་འགན་ནི། སྐྱེ་བ་དང་འཆི་བའི་གཏམ་རྒྱུད།
བརྩེ་དུང་གི་གཏམ་རྒྱུད། སྐྱོ་བས་ངུ་འཆོར་བ་དང་འཇིགས་པས་ཁོང་འདར་བ།
དགའ་བས་དགོད་བྲོ་བའི་གཏམ་རྒྱུད་གསར་རྩོམ་བྱས་ཏེ། ང་ཚོ་མི་སྒེར་རེ་རེར་བླ་སྲོག་གཅིག་ལས་གཉིས་མེད་པ་གསལ་བཤད་བྱ་རྒྱུ་དེ་ཡིན་པར་ངས་ཡིད་ཆེས་གཙང་མ་བྱེད་ཀྱི་ཡོད།
འདི་ནི་ང་ཚོས་ཅིའི་ཕྱིར་ཉིན་རྗེས་ཉིན་མཐུད་ནས་ཐུན་མོང་མ་ཡིན་པའི་སྒྲུང་གཏམ་གསར་རྩོམ་བྱེད་པའི་རྒྱུ་མཚན་ཡང་ཡིན་འདུག ན་ནིང་ངའི་ཨ་ཕ་དགུང་ལོ་
༩༠ སྟེང་གྲོངས་སོང་། ཁོང་ནང་པའི་ཆོས་དཔོན་དང་དགེ་རྒན་ཟུར་བ་ཞིག་ཡིན།
ཁོང་སྔོན་ཆད་སློབ་ཆེན་མཐར་ཕྱིན་རྗེས། དམག་ཁོངས་སུ་ལས་བགོས་བྱས་ཏེ།
རྒྱ་ནག་ནང་དམག་འཁྲུག་རྒྱག་ཏུ་མངགས་པ་རེད། དམག་འཁྲུག་རྗེས་སུ་ང་བྱིས་པར་སྐྱེས་པ་རེད།
ཞོགས་པ་རྟག་པར་ཞོགས་ཇ་མ་འཐུང་སྔོན་ལ་ཁོང་གིས་ངེད་ཚང་གི་ནང་པའི་མཆོད་ཤོམ་མདུན་དུ་གསོལ་འདེབས་གནང་བཞིན་པ་ངས་མཐོང་མྱོང་།
ཐེངས་ཤིག ངས་ཁོང་ལ་ཁོང་གིས་དེ་ལྟར་གསོལ་བ་འདེབས་པའི་རྒྱུ་མཚན་ཅི་ཡིན་དྲིས་པར།
ཁོང་གིས་ང་ལ་ཁོས་གཡུལ་སར་གཅེས་སྲོག་ཤོར་བའི་མི་མང་གི་ཆེད་དུ་ཐུགས་སྨོན་ཞུ་བཞིན་ཡོད་ཟེར། ཁོང་གིས་ད་དུང་ང་ལ་ཁོས་འདས་པོ་དགྲ་གྲོགས་གཉི་གར་ཐུགས་སྨོན་ཞུ་བཞིན་ཡོད་ཟེར། ཁོང་མཆོད་ཤོམ་མདུན་དུ་པུས་བཙུགས་ནས་སྡོད་སྐབས་རྒྱབ་ཕྱོགས་ནས་ལྟ་དུས།
ང་ལ་ཁོང་གི་མཐའ་འཁོར་དུ་གཤིན་པོ་མང་པོའི་གྲིབ་གཟུགས་འཕུར་ལྡིང་བྱེད་བཞིན་ཡོད་པའི་ཚོར་སྣང་སྐྱེས། ངའི་ཨ་ཕ་གྲོངས་སོང་། ཁོང་གིས་ཕྱི་དྲན་མང་པོ་ཞིག་ཁྱེར་ནས་ཆས་སོང་།
ཁོང་གི་ཕྱི་དྲན་དེ་དག་ངས་རྩ་བ་ནས་མི་ཤེས།
ཡིན་ནའང་ཁོང་འཆི་འདས་ཀྱི་གསང་རྒྱས་བསྡམས་ཡོད་པ་ངས་དྲན་གྱི་འདུག ང་རང་ལ་མཚོན་ན།
ཕྱི་དྲན་དེ་ནི་ང་ལ་ཁོང་གི་ས་ནས་ཐོབ་པའི་དོན་དག་གལ་ཆེན་ཞིག་ཡིན།
དེ་རིང་ངས་ཁྱེད་ཚོར་བརྡ་འཕྲིན་གཅིག་སྒྲོག་པའི་རེ་བ་བྱེད་ཀྱི་ཡོད།
དེ་ནི་རྒྱལ་འབངས་དང་རིགས་རུས། ཆོས་ལུགས་ལ་དབྱེ་བ་མེད་པར།
ང་ཚོ་འགྲོ་བ་མིའི་རིགས་ཚང་མ་སྒྲིག་འཛུགས་ཞེས་འབོད་པའི་སྲ་ཞིང་བརྗིད་པའི་རྩིག་གྱང་ལ་གདོང་གཏོད་པའི་ཆག་ཆོག་ཆོག་གི་སྒོ་ང་ཞིག་ལས་མ་འདས་སོ།། ཕྱི་ཚུལ་ནས་བལྟས་ཚེ།
རྩིག་གྱང་དེ་ནི་སྲ་ཞིང་མཐོ་ལ་སྙིང་རྗེ་བྲལ་བས། ང་ཚོ་རྒྱལ་བའི་རེ་བ་མི་འདུག
གལ་ཏེ་ང་ཚོ་རྒྱལ་བའི་རེ་བ་ཉག་ཅིག་ཡོད་ཚེ།
དེ་ནི་ང་ཚོ་བདག་གཞན་གཉིས་ཀྱི་བླ་སྲོག་ནི་གཅིག་ལས་གཉིས་མེད་ཅིང་།
དེའི་ཚབ་བྱེད་མི་ཐུབ་པའི་ཡིད་ཆེས་དང་།
ང་ཚོའི་བློ་སྲོག་མཉམ་འབྲེལ་གྱི་དྲོལ་ཁོལ་ལས་འབྱུང་ངེས་རེད།
འདི་ལྟར་བསམ་ཚེ། ང་ཚོ་མི་རེ་རེར་ངོ་མ་བླ་སྲོག་གསོན་པོ་རེ་བདོག་ཅིང་། སྒྲིག་འཛུགས་ནི་དེ་ལྟ་མིན་པས།
སྒྲིག་འཛུགས་ཀྱིས་ང་ཚོར་བཤུ་གཞོག་གཏོང་དུ་འཇུག་མི་རུང་།
ང་ཚོས་སྒྲིག་འཛུགས་ལ་གསོན་ཤུགས་རྒྱས་སུ་འཇུག་མི་རུང་།
སྒྲིག་འཛུགས་ཀྱིས་ང་ཚོ་བཟོས་པ་མ་ཡིན་པར། ང་ཚོས་སྒྲིག་འཛུགས་བཟོས་པ་རེད།
འདི་ནི་ངས་ཁྱེད་ཚོར་བཤད་འདོད་པའི་སྐད་ཆ་ཡིན།