སྔོན་གྱི་གཏམ།
མི་ལ་ཙི་ཙི།
2015ལོར། གུས་པས་རྐང་འཁོར་བཞོན་ཏེ་དུས་ཡུན་ཟླ་བ་ལྔ་ལྷག་གི་རིང་། སྨད་མདོ་ཁམས་ནས་བར་དབུས་གཙང་། དེ་ནས་སྟོད་མངའ་རིས་བར། ཁྱོན་ལམ་ཐག་སྤྱི་ལེ་ཆིག་ཁྲི་ཉིས་སྟོང་ལྷག་ཅིག་ཡོད་པའི་འགྲུལ་བཞུད་ཐེངས་གཅིག་བྱས་པ་ཡིན། དེ་རིང་ཕྱིར་དྲན་བྱས་ཚེ། སྐབས་དེའི་དཀའ་ཚེགས་ཡོངས་སུ་བརྗེད་དེ། སྣང་བ་བག་བྲོ་པོ་འབའ་ཞིག་ལ་ཡོང་། ལམ་སྐབས་ཀྱི་ཟིན་བྲིས་རྨང་གཞིར་བྱས་ཏེ་དེབ་ཆུང་འདི་འབྲི་བའི་ཁྲོད་ཀྱང་། རྟོག་པའི་རྟ་ཕོ་འཚེར་སྐད་སིང་སིང་སྲབ་ལས་ཤོར་ཏེ་རི་ཆུ་རབ་འབྱམས་དེའི་ཀློང་ལ་ཡང་ཡང་འཆོར། མ་ཟད། ཀྱེ་མ—ད་རུང་དེ་འདྲའི་སྐལ་བ་ཞིག་ལྡན་ན་ཅི་མ་རུང་སྙམ་དུས་ཤིན་ཏུ་མི་ཉུང་།
ཁ་འགྲོ་ལ་ཐུག འཕོང་རྡོ་ལ་ཐོགས། གཏམ་དཔེ་པྲ་ཆལ་འདིས་ཏག་ཏག་དེའི་ཡར་སྔོན་གྱི་ཁོ་བོ་མཚོན་དུ་བཏུབ། འགྲུལ་བཞུད་འདི་འདྲ་ཞིག་དྲན་ཏེ་ལོ་མང་ཐལ་རུང་ཡང་ཡང་ཡལ་ཡོལ་ཕར་འགྱངས་ལ་ལུས། ལོ་དེར་ཏག་ཏག་འཚོ་བ་དང་སེམས་ཁམས་ཀྱི་འབྲག་ལ་དུས་ཚོད་ཀྱི་གས་གཤོང་ཆེ་ཙམ་ཞིག་ཤོར་བ་གྲོགས་སུ་ཤར་ཏེ་གཞི་ནས་རྡོག་འཐོན་རྒྱུ་བྱུང་། དེར་མ་ཟད། རྐང་འཁོར་ལྟ་བུའི་འགྲུལ་ཆས་སྟབས་བདེ་སྤྱད་དེ་གཅིག་པུར་ལམ་དུ་ཐེག་ཚུལ་འདི། དཀའ་ཚེགས་ཅུང་ཙམ་བཟོད་པའི་ཁྲོད་མི་ཚེའི་ཐེ་ཚོམ་ལ་དྲིས་ལན་རེ་ཨེ་རྙེད་ལ་རེ་བ་བཅང་པའང་ཡིན། འོན་ཀྱང་ཕྱིར་ལོག་སྟེ་བལྟས་དུས་དེ་འདྲའི་རེ་བ་འདོད་ཐོག་ཏུ་སྨིན་ཡོད་པའང་མ་མཐོང་། ཏག་ཏག་སྣ་མང་སྣེ་འཛིང་གི་བསམ་གཞིག་རུམ་གང་འགྲོ་རོགས་སུ་བྱུང་བ་དེ་ཙམ་པོ་སྟོང་ལོག་མིན་པའི་བརྡ་དང་ཁུལ་དུ་བྱས་པ་ཡིན།
འདི་ལྟར་རང་སེམས་གསོ་བའི་ལབ་རྡོལ་ཐུན་ཅིག་སྔོན་ལ་བཏང་བའི་འགྲུལ་བཞུད་ཀྱི་མགོ་རྩོམ་ས་ནི། གུས་པ་འཚོ་སྡོད་བྱ་ཡུལ་མདོ་སྨད་ཟི་ལིང་གྲོང་ཁྱེར་ཡིན། དེ་ནས་ལམ་དུ་བཏེགས་ཏེ། ཆེས་ལྷོ་ངོས་སུ་ཡུན་ནན་གྱི་ཀོང་རྩེ་ར་བའི་བར་དང་། ནུབ་ངོས་སུ་མངའ་རིས་སྤུ་རང་བར། བྱང་ངོས་སུ་མངའ་རིས་རི་ཐོག་བར། ཤར་ངོས་སུ་ཏུན་ཧོང་ངམ་ཤ་ཅུའི་བར་བཅས། ཧ་ལམ་མདོ་དབུས་མཐོ་སྒང་རིལ་མོར་གཡས་སྐོར་ཆེ་ཙམ་ཞིག་བརྒྱབ་སྟེ། མཐར་གཅིག་མཚུངས་འགྲུལ་བཞུད་ཀྱི་མགོ་འཛུགས་ས་སྟེ། གནའ་མཁར་ཟི་ལིང་དུ་ལོག་སྟེ་རེབ་ཐེངས་དེའི་འགྲུལ་བཞུད་ཀྱི་མཇུག་ཡོངས་སུ་བསྡུས་པ་ཡིན།
མཇུག་མཐར། རང་དང་མཉམ་པའི་ཀློག་པ་པོ་ཚོས་ཀྱང་འགྲུལ་བཞུད་ལམ་ཡིག་འདི་བརྒྱུད། རང་རེའི་མེས་པོ་ཚོས་ཞབས་ཀྱིས་བཅགས་ཙམ་མ་ཟད་པང་དུ་བཏེགས་མྱོང་ཡོད་པའི་ས་ཆེན་དེའི་རྔམ་བརྗིད་དང་མཛེས་སྡུག་སྣ་རེ་ཚོར་རམ་མཐོང་དུ་ཡོད་པར་རེ་བ་སྙིང་ནས་འཛིན། ལྷག་དོན་དེ་རུ་ད་ལྟའི་བར་འཚོ་ཞིང་གཞེས་པའི་མཐོ་སྒང་གི་མི་རིགས་འདིའི་རབས་ཕྱི་མ་དག་གི་ལ་ཉེ་སྐྱིད་སྡུག་ལ་དྲན་དང་ཤེས་བཞིན་བག་ཙམ་རེ་འཇོག་ཡོང་བར་རེ་བ་སྙིང་ནས་འཛིན།
ཁོ་དྲོ། དོན་འགྲུབ།
“སྐུ་འབུམ་གྱི་ལུང་མདར་ཟི་ལིང་མཁར།”
ཚིག་རྐང་འདི<<མདོ་སྨད་ཆོས་འབྱུང>>དུ་བྱུང་། འོན་ཀྱང་། སྐུ་འབུམ་དང་། རང་ཉིད་འཚོ་སའི་གནའ་མཁར་ཟི་ལིང་སྐོར་གྱི་ཟིན་བྲིས། བོད་ཁམས་གཡས་བསྐོར་གྱི་འགྲུལ་བཞུད་རིང་མོ་འདི་ཡོངས་སུ་རྫོགས་ཏེ་སླར་འཁོར་ན་མཇུག་སྡུད་དུ་བྲི་རྩིས་ཡིན་པས། འདིར་འབབ་ཚུགས་དང་པོ་དམར་གཙང་དགོན་ནས“ཆོལ་གསུམ་ལམ་ཡིག”དངོས་སུ་མགོ་རྩོམ་པར་བྱེད།
ཟི་ལིང་གི་ཤར་ངོས་སྤྱི་ལེ32མཚམས་ཀྱི་དམར་གཙང་དགོན་པར་འགྲོ་ན་ཙོང་ཆུ་སྔོན་མོ་རོལ་ཏུ་འཁྲིད་དེ་ཅུང་ཞིག་བསྐྱོད་དགོས། ཙོང་ཆུ་ཞེས་བྱའི་མདོ་སྨད་ཙོང་ཁའི་ཡུལ་གྱི་ཆུ་བོ་གྲགས་ཅན་འདི། མཚོ་སྔོན་པོའི་བྱང་ངོས་རྟ་ཐང་རི་རྒྱུད་ལ་གཏོགས་པའི་རྫ་ཆེན་ཨ་མྱེས་བོ་རོ་ནས་བྱུང་རྗེས་རིམ་གྱིས་ལྷོ་ལ་བབས་ཤིང་། ལོ་རྒྱུས་སྟེང་ཙོང་ཁ་རྒྱལ་པོ་བཞུགས་ཡུལ་གནའ་མཁར་ཟི་ལིང་བརྒྱུད་ཤར་ངོས་ཀན་སུའུ་ས་ཆ་ན་རྨ་ཆུར་འདྲེས་སོང་ཡོད། སྤྱིའི་རིང་ཚད་ན་སྤྱི་ལོ349ཡོད་པ་རེད། དམར་གཙང་དགོན་ཏག་ཏག་ཆུ་བོ་འདིའི་ཉིན་ངོས་བྲག་དམར་ལུང་མདོ་ཞེས་བྱའི་དཀན་གཟར་ངོས་སུ་ཁུག་རྟའི་ཚང་ཞིག་ལྟར་ལྡེམ་ཅོག་གེར་བཀལ་ཏེ་ཡོད།
བྲག་དགོན་པའི<<མདོ་སྨད་ཆོས་འབྱུང>>(གཤམ་ནས་བཟུང་ལན་རེར་མ་གཏོགས“བྲག་དགོན་པ”གཅིག་པུར་བསྐོངས་ཡོད)ནང་། “ཙོང་ཆུ(འི)བྱང་རྒྱུད་དམ་ཙོང་ཉིན་དབུས་ཀྱི་དམར་གཙང་བྲག་ནི། དམར་ཤཱཀྱ་མུ་ནི་དང་གཙང་རབ་གསལ་གཉིས་ཀྱི་བཞུགས་གནས་ཡིན་པས་མཚན་དེ་ལྟར་ཐོགས།” ཞེས་པ་ལས། ད་ལྟ་ཁོ་བོ་སླེབས་ཡུལ་དམར་གཙང་དགོན་པ་གར་ཡོད་ཀྱི་གནས་དང་དགོན་མིང་གི་འབྱང་ཁུངས་གསལ་པོར་བསྟན་འདུག དོན་ལ་གནས་འདིར་བླ་ཆེན་དགོངས་པ་རབ་གསལ་ཡང་བཞུགས་མྱོང་ཞིང་། མ་ཟད་ཁོང་མྱ་ངན་ལས་འདའ་ས་ཡང་གནས་འདི་རེད། དེ་ལ་བྲག་དགོན་པས། “གནས་འདིར་བླ་ཆེན་པོས་གཙུག་ལག་ཁང་བཞེངས། དགེ་འདུན་གྱི་སྡེ་བཙུགས། སྐུ་མྱ་ངན་ལས་འདས་པའི་སྐུ་གདུང་རིལ་པོ་ལ་ཕྱི་ནས་སྨན་འདམ་གྱིས་བྱུགས་ཏེ་སྐུ་བརྙན་བཞེངས།” ཞེས་བསྟན། མ་ཟད་སྐུ་བརྙན་དེ་བྱིན་རླབས་ཚན་ཁ་ཆེ་བ་གཅིག་ཏུ་བཞུགས་ཚུལ་ཞིབ་ཏུ་བྲིས་ཡོད། དེ་ལ་ཐུའུ་བཀྭན་རྗེས། “དགོངས་པ་རབ་གསལ་སྐུ་གདུང་རིལ་པོ་རུ། །དམར་གཙང་བྲག་ན་བཞུགས་པ་མཇལ་ལགས་སམ། །དེ་ཡི་ཞལ་མདངས་ཉིན་བཞིན་འགྱུར་བ་དང་། །ན་བཟའ་སྐྱི་ཆགས་ཐུགས་ཀ་དྲོད་དང་ལྡན། །སྐབས་འགར་ཚུལ་ཁྲིམས་དྲི་བཟང་འཐུལ་བ་སོགས། །ངོ་མཚར་ཁྱད་ཆོས་ལྡན་པ་གཟིགས་ལགས་སམ། །”ཞེས་གསུངས་ཡོད་པ་རེད། བླ་ཆེན་དགུང་གྲངས84ལ་བཞུགས་ཏེ་སྤྱི་ལོ976ལོར་གྲོངས་ནས་མི་ལོ975འདས་པའི1951ལོར། གདུང་རུས་སྦུབས་ལ་བཞུགས་པའི་སྨན་འཇིམ་གྱི་སྐུ་བརྙན་དེ་ད་རུང་དམར་གཙང་བྲག་ན་བཞུགས་ཡོད་པ་གོར་མ་ཆག དེ་ལ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས། “ཕྱིས་སུ་གདུང་རུས་ཙམ་དུ་ལུས་པ་སྙིང་བོར་ཕུལ་བའི་སྐུ་བརྙན་དེ་བདག་བགྲང་བྱ་ཞེ་གཉིས་པ་ལྕགས་ཡོས(1951)ལོར་དངོས་སུ་མཇལ་མྱོང་ལ། རབ་རྒྱལ་ས་ཁྱི་ལོ(1958)ལོར་གདུང་རུས་ཀྱང་གཞན་ཞིག་ཏུ་སྦས་སྐུང་བྱེད་དགོས་བྱུང་བར་བརྟེན་ཕྱིས་སུ་བཙལ་བས་ལག་ཏུ་མ་ཚུད་པར་སྣང་ངོ་། །”ཞེས་གསུངས་ཡོད་པ་ལྟར། ང་བརྒྱད་ལོར་སྨན་འཇིམ་གྱི་སྐུ་བརྙན་བྱིན་ཅན་དེ་གཏོར་སོང་བས། སྦུབས་ཀྱི་གདུང་རུས་ཆ་ཚང་དེ་ཡང་གཞན་ཞིག་ཏུ་སྦས་སྐུང་བྱས་ས་ནས་བོར་ཏེ་རྙེད་སོན་བྱུང་མི་འདུག
ཨ་ལགས་ཚེ་ཏན་ཚང་གིས་ད་རུང་། “དེའི་ཕྱིར། ད་ལྟའི་གནས་དེ་ལ་དམར་གཙང་བླ་ཆེན་པོ་ཞེས་འབོད་ཀྱང་། མི་ཤེས་པ་མང་བོས་དམར་གཙང་ལྷ་ཆེན་དུ་འབོད་པ་ནི་མ་དག་སྟེ། གནས་སྐོར་པ་རྣམས་ཀྱིས་གཤོང་ཤན་ལྷ་ཆེན་དང་འདྲ་བསྒྲིགས་པ་ཙམ་མོ། །”ཞེས་གསུངས་ཡོད་པ་རེད། བལྟས་ཡོང་ན། དམར་གཙང་རྣམ་གཉིས་གཤེགས་རྗེས། བླ་ཆེན་པོ་དེ་གར་ཕེབས་ཏེ་གོང་སྨྲས་བཞིན་གཙུག་ལག་ཁང་དང་སྒྲུབ་སྡེ་བཙུགས་ཤིང་། མཐར་མྱ་ངན་ལས་འདས་རྗེས་སྨན་འཇིམ་གྱི་དབུས་སུ་དམར་གདུང་དུ་བཞུགས་སུ་གསོལ་པས། མི་རྣམས་ཀྱིས་ཤུགས་འབྱུང་རང་བབ་ལ“དམར་གཙང་བླ་ཆེན”ཞེས་མཚན་གསོལ་བ་ཡིན་ཚོད་རེད།
འོན་ཀྱང་ཨ་ལགས་ཚེ་ཏན་ཚང་གིས་གསུངས་པ་ཇི་བཞིན། དེང་སང་ཕལ་མོ་ཆེས“དམར་གཙང་ལྷ་ཆེན”དུ་འབོད་པ་དེ། དེ་གར་མཐོ་ཚད་ན་སྨི3.7ཅན་གྱི་ཇོ་བོ་ཆུ་གཟིགས་མ་འགོག་པའི་ཕྱག་རྒྱ་ཅན་གཅིག་བཞེངས་ཡོད་པ་དེ་ལ་གོ་བཞིན་མེད་འགྲོ། ཡང་། བྲག་དགོན་པས་དམར་གཙང་དགོན་གྱི་རྟེན་བརྟེན་པ་ཞིབ་ཕྲའི་ཐོ་རུ་བཏབ་ཡོད་པའི་ཁྲོད། གཡས་ངོས་བྱམས་པ་རང་བྱོན་དུ་གྲགས་པའི་བྲག་རི་གནམ་ལངས་དེའང་བྲིས་ཡོད་ནའང་། ཇོ་བོ་ཆུ་གཟིགས་མ་འདི་འདྲ་ཞིག་ཡོད་ལུགས་ཁྱོན་ནས་གསུངས་མི་འདུག གུས་པས་འོལ་ཚོད་བྱས་ན། བྲག་དགོན་པས་བླ་ཆེན་གྱི་སྐུ་དེའི“ཞལ་ཙོང་ཆུ་ལ་གཟིགས”ཞེས་བྲིས་ཡོད་པར་བལྟས་ན། སྨན་འཇིམ་གྱི་སྐུ་བརྙན་དེ་ལྷ་ཁང་དུ་མི་བཞུགས་པར། ཕྱི་ལོགས་བྲག་སྐྱིབས་ལ་རྗེན་པར་ཞལ་ཙོང་ཆུར་ཕྱོགས་ཏེ་བཞེངས་ཡོད་པ་ཡིན་ནམ་སྙམ། གུས་པས་ད་རུང་འོལ་ཚོད་ཅིག་བྱ་འདོད་པ་ནི། ཕྱིས་སུ་མི་རྣམས་ཀྱིས་དུས་ཟིང་ཁྲོད་བརླགས་སོང་བའི་སྐུ་བརྙན་དེའི་ཚབ་ཏུ། ད་ལྟ་མཇལ་དུ་ཡོད་པའི་ཇོ་བོ་ཆུ་གཟིགས་མ་དེ་བཞེངས་པ་ཡིན་ནམ་ཡང་སྙམ། ཁ་ཚོན་བཅད་པ་མེད། དཔྱད་མཛོད།
གསར་བཞེངས་དང་ཞིག་གསོ་ཡི་སྐབས་མ་གཏོགས་ལྷ་སྐུའི་བྱད་གཟུགས་ལ་ཁ་གཏོང་མི་རིགས་ཟེར་མོད། མཐོལ་ལོ་བཤགས། དམར་གཙང་ཇོ་བོ་ཆུ་གཟིགས་མ་དེ། ཕྱིས་ཀྱི་ལམ་སྐབས་མཇལ་པའི་ཇོ་བོ་གཞན་དང་མི་འདྲ་བར། བུ་ཆུང་ཆུང་ཞིག་གི་བཟོ་དང་ལྡན་ཏེ་བལྟས་ན་སྙིང་རྗེ་མོ་ཞིག་ལ་ཡོད། ཙོང་ཆུ་སྔོན་མོར་གཟིགས་ཏེ་ཡོད་པའི་སྤྱན་མདངས་དེ་ཡང་རྩེད་མོའི་བག་ན་བྲོ། ཙོང་ཆུའི་ལྷོ་ངོས་ནི་ཕེན་ཨན་རྫོང་རེད། ཇོ་སྲས་ལགས་ཀྱི་ཙོང་ཁའི་རྒྱལ་རབས་སྐབས་སུ་གནས་དེར་ཙོང་ཁའི་གཞིས་རྙིང་འབོད་སྐད། མིང་དེ་ད་ལྟའི་ཟི་ལིང་ངམ་དེ་དུས་ཀྱི་ཙོང་ཁ་མཁར་གསར་ལ་ལྟོས་ནས་བྱུང་བ་ཡིན་ཚོད། ཟི་ལིང་མཁར་ལ་གྱི་ཐང་མཁར་ཡང་འབོད་སྲོལ་མཆི། དེའི་སྐོར་གོང་སྨྲས་བཞིན་འགྲུལ་བཞུད་ཡོངས་སུ་ཟིན་ན་གླེང་བར་བྱེད།
དེ་མིན། རྒྱ་སྐད་ཐོག་དགོན་པ་འདི་ལ་པའེ་མཱ་སིའང(རྟ་དཀར་དགོན)འབོད། ཟེར་སྒྲོས་ལ། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དགོན་ལུང་བྱམས་པ་གླིང་དུ་ཕེབས་པའི་བམ་སྐབས། ཆིབས་རྟ་དཀར་པོ་ཞིག་ཡོད་པ་གནས་འདིར་ངལ་དུབ་དྲགས་ཏེ་ཤི་བས། ཕྱི་མིས་སེམས་ཅན་དེར་དྲན་གསོ་བགྱི་ཕྱིར་དགོན་འདི་བཏབ་པ་རེད་ཟེར། གང་ལྟར། ཟི་ལིང་ཚཱོ་རྒྱ་པཱོ་གནམ་ཐང་ནས་རིམ་གྱིས་བར་སྣང་སྟོད་ཀྱིན་འཕུར་ཡོང་བའི་ལྕགས་བྱ་ཆེན་པོ་རེ་རེའི་འུར་ལྡིར་ཁྲོད། བྲག་དགོན་པ་ཚང་གིས་བསྟན་པའི་གཡས་ལོགས་བྲག་རི་བྱམས་པ་རང་བྱོན་དང་བཅས། གནའ་གདོད་མའི་རྔམས་ཀ་དམར་མཐོ་དེའི་ངོས་ཀྱི་དགོན་དང་བཅས་པ་འདར་ཆེམ་ཆེམ་དུ་བཟོ་ཡོང་། དེ་གའི་གྲྭ་པས་བཤད་ན། བྲག་རྔམས་ངོས་ཀྱི་སེར་ག་དག་ལོ་རེར་ཇེ་ཆེར་འགས་ཀྱིན་འདུག་པས་དགོན་པ་གནས་གཞན་ལ་སྤར་རྩིས་ཡོད་ཟེར། དེར་ངའི་སེམས་སུ། གལ་སྲིད་དེ་བདེན་ན། ཇོ་བོ་སྙིང་རྗེ་མོ་དེ་བྲག་སྐྱིབས་དེར་གཅིག་པུར་སྡོད་དགོས་སམ་སྙམ། འགབ་ཀྱི་གྲོང་ཚོ་སྟན་ཆུང་ཙམ་དེའང་མཚེར་ཤུལ་ལྟ་བུར་ལུས་འགྲོའམ་སྙམ། བར་བར་ན་དར་ལྕོག་ཁྲ་ཡེངས་ཡེངས་བྱེད་པའི་གྲོང་ཚོ་སྐྱ་ལེབ་བ་དེ་མཐོང་ན། ཏག་ཏག་ཕོ་བྲང་གི་རྩེ་ནས་ཞོལ་ལ་བལྟས་འདྲ་ཞིག་ཡོང་། དོན་ལ་དེ་ནི་སྔོན་ཆད་ཀྱི་དམར་གཙང་ལྷ་སྡེའི་ཤུལ་ཡིན་པར་བཤད། ལོ་རྒྱུས་སྟེང་མི་ཚང་སྟོང་ལྷག་འདུས་མྱོང་སྐད། བྲག་དགོན་པས། དམར་གཙང་གྲོང་སྡེ་གོང་འོག་གཉིས། ཞེས་བསྟན་པའང་འདི་ལ་ངེས།
གང་ལྟར། བདེ་མོ་བྱོས་དམར་གཙང་བྲག བདེ་མོ་བྱོས་ཇོ་བོ་སྙིང་རྗེ་མོ།
༼མུ་འགོད།༽