དམག་འཁྲུག་ནི་མུན་ནག་ཁྲོད་འགོ་བརྩམས་བྱུང་།
ཕྱི་ལོ་༢༠༢༢ལོའི་ཟླ༢ཚེས༢༢ཉིན་གྱི་ནམ་གུང༼ཨུ་རུ་སུའི་རྒྱལ་ས་མོ་སུ་ཁོའི་དུས་ཚོད21:00༽ལ།ཨུ་རུ་སུའི་སྲིད་འཛིན་ཕོས་ཅེན་གྱིས་བཀའ་གཙིགས་ཀྱི་རྒྱ་མནན་ཏེ།ཡུག་རེན་ཤར་མཐའི་དྲག་ཆས་ཐོག་པའི་དམངས་དམག་སྒྲིག་འཛུགས་ཏེ།ཁོ་པ་ཚོས་ཏུན་ནེ་ཚི་ཁུ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ལུའུ་ཀན་སི་ཁུ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་འབོད་པ་དེ་གཉིས་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པར་ངོས་ལེན་གནང་ཞིང་།དེར་མཐུད་ཚེས༢༤ཉིན་ཨུ་རུ་སུས་དངོས་སུ་མཁའ་མཚོ་སྐམ་གསུམ་གྱི་་དྲག་དམག་མངགས་གཏོང་གིས་ཡུག་རེན་ལ་གཞི་རྒྱ་ཆེ་བའི་བཙན་འཛུལ་བྱས་སོ།
ཨུ་རུ་སུ་ནི།མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས་དང་།རྡུལ་ཕྲལ་མཚོན་ཆ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས།རང་གི་ཉམ་ཆུང་བའི་སྤུན་ཟླའི་རྒྱལ་ཁབ་ལ་ཤིག་གི་སྟེང་སྟ་རེ་འཕྱར་བ་དེས།རྒྱལ་སྤྱིའི་སྤྱི་ཚོགས་ཧང་སང་དུ་བཅུག།དམག་འཁྲུག་གི་འཕེལ་ཕྱོགས་གང་འདྲ་ཡིན་སྲིད་དམ།རྐྱེན་འདིས་གཞི་རྒྱ་ཆེ་བའི་འཛམ་གླིང་དམག་འཁྲུག་གི་སྣ་འདྲེན་སྲིད་དམ།ལོ་རྒྱུས་སྟེང་ཚབས་ཆེ་བའི་འཁྲུག་རྩོད་དང་གོད་ཆག་མཐའ་དག་གི་འབྱུང་རྩ་ནི་ས་ཁུལ་བྱེ་བྲག་པའི་འགལ་རྩོད་ལས་བྱུང་བའི་ཕྱིར།རྒྱལ་སྤྱིའི་སྒང་ཧ་ཅང་སེམས་ཁྲལ་ཆེ་བའི་གླེང་བརྗོད་འབྱུང་མུས་རེད།
ཉིན་ནས་ཉིན་མཐུད་དེ།འབྲེལ་མཐུད་དྲ་རྒྱས་དམག་འཁྲུག་གི་གནས་བབ་དུས་ལྟར་ཐད་གཏོང་བྱེད་ཀྱིན་ཡོད་དེ།
ཞིག་རོ་དང་། མེ་སྒྱོགས་ཀྱི་སྒྲ། ཡུལ་གྱར་པ།ཡུག་རེན་གྱི་རྨ་ཁས་ང་ཚོར་ན་ཟུག་བཟོད་གླགས་མེད་པ་སྤྲད་བྱུང་།རང་ཉིད་སྔོན་ཆད་དམག་འཁྲུག་གི་མནར་གཅོད་ཚད་མེད་མྱངས་མྱོང་བའི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས།མི་ཤི་ཁྱིམ་སྟོང་།མུ་གེས་ཤི་པའི་བེམ་པོས་ཡུལ་ལུང་གང་པ།མངའ་ཁོངས་བཅད་བགོས་དང་སྐྱིན་ཚབ་སྤྲོད་པ་།དམག་འཁྲུག་གིས་བསྐྱེད་པའི་སྡུག་བསྔལ་དང་ངོ་ཚ་དེ་དག་གིས་ང་ཚོའི་ལོ་རྒྱུས་ཀྱི་འདུ་ཤེས་བསྐྲུན་པ་ཡིན།ང་ཚོར་ཡུག་རེན་མི་དམངས་ཀྱི་དཀའ་སྡུག་ལ་བདག་གཞན་མཉམ་བརྗེའི་གདུང་ཚོར་བྱུང་ངོ་།
ཉིན་ནས་ཉིན་མཐུད་དེ།དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་འབོད་སྒྲ་ཕྱོགས་བཞི་མཚམས་བརྒྱད་ནས་མཆེད་བྱུང་།ཡུག་རེན་མི་དམངས་ཡར་ལངས་བྱུང་།ཡུག་རེན་གྱི་ཨ་མ་རྒན་མོས་སྐད་ཤུགས་ཆེན་པོས་མ་བོས་མགྲོན་པོ་དེ་ཚོར་བཀའ་བཀྱོན་གནང་ཞིང་།ཡུག་རེན་གྱི་ཨ་ཕ་བགྲེས་པོས་དམག་འཁྲུག་གི་ནག་ཉེས་ཞིབ་གསལ་དག་གསུམ་གྱིས་བརྗོད་བྱུང་།ལོ་དགུ་ལ་སོན་པའི་ཡུག་རེན་གྱི་བུ་མོ་ཆུང་ཆུང་དེས་མིག་ཆུས་མགྲིན་པ་བརྣངས་བཞིན་ཞི་བདེར་བོས།
ཡུག་རེན་མི་དམངས་ཡར་ལངས་བྱུང་། ཨུ་རུ་སུའི་གྲོང་ཁྱེར་Moscowདང་Saint Petersburg ད་དུང་གྲོང་ཁྱེར་གཞན་དག་ནས་ཀྱང་།མི་མང་པོས་ཁྲོམ་སྐོར་བྱས་བྱུང་ལ།ཚན་རིག་པ་རྣམས་ཀྱིས་དམག་འཁྲུག་ལ་ངོ་རྒོལ་གྱི་བསྒྲགས་ཡིག་སྤེལ་བྱུང་།ཞི་བདེ།ཞི་བདེ།དམག་འཁྲུག་ལ་རྒོལ་བའི་སྐད་སྒྲས་རྒྱལ་མཚམས་བརྒལ་ཏེ་མི་སེམས་གཏིང་ནས་སྒུལ་བྱུང་ངོ་།
ཉིན་ནས་ཉིན་མཐུད་དེ།ང་ཚོས་ཛ་དྲག་གི་གནས་བབ་ལ་དོ་སྣང་ཨང་སར་བྱས་ཡོད་ལ།འདས་ཟིན་པར་ཕྱིར་རྟོག་དང་མ་འོང་པར་སེམས་པ་གླན་ཡོད།
མི་མང་གི་འབོད་སྒྲའི་དབུས་ནས། ང་ཚོས་ཀྱང་ངེས་པར་རང་ཉིད་ཀྱི་སྐད་སྒྲ་འདོན་དགོས་པ་ཚོར་བྱུང་།
ང་ཚོས་ཨུ་རུ་སུས་ཡུག་རེན་ལ་དམག་དྲངས་པར་ངོ་རྒོལ་ཤུགས་དྲག་བྱེད་རྒྱུ་ཡིན།
ཨུ་རུ་སུས་རྒྱུ་མཚན་སྟོང་དང་ཁ་གཡར་ས་ཁྲི་བཙལ་ཀྱང་། མཚོན་ཆ་བཟུང་ནས་བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་ལ་བཙན་འཛུལ་བྱེད་པ་ནི།མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་འབྲེལ་བའི་ཚད་གཞིར་རྡོག་རྫས་བཏང་བ་རེད་ལ།
དེང་གི་རྒྱལ་སྤྱིའི་བདེ་འཇགས་སྒྲིག་གཞིར་གཏོར་བརླག་བྱས་པ་རེད་དོ།
ང་ཚོས་ཡུག་རེན་མི་དམངས་ཀྱིས་མངའ་ཁོངས་སྲུང་འཛིན་གྱི་སྦྱོར་བ་འདི་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།ང་ཚོར་ཨུ་རུ་སུའི་དམག་སྣ་འདིས་ཡོ་རོབ་དང་ཐ་ན་འཛམ་གླིང་ཧྲིལ་བོར་ཟིང་ཆ་བསླངས་ཏེ།གཞི་རྒྱ་དེ་ལས་ཆེ་བའི་མི་ཆོས་རིང་ལུགས་ཀྱི་གོད་ཆད་འབྱུང་རྒྱུ་ཡིན་ནམ་སྙམ་ནས་སེམས་ཁྲལ་བྱུང་།
ང་ཚོས་ཨ་རུ་སུ་སྲིད་གཞུང་དང་སྲིད་འཛིན་ཕོས་ཅེན་གྱིས་དམག་འཁྲུག་མཚམས་འཇོག་བྱེད་པར་རེ་སྐུལ་ཤུགས་དྲག་རྒྱག་རྒྱུ་ཡིན།གྲོས་མོལ་གྱི་ལམ་ནས་འགལ་བ་ཐག་གཅོད་རོགས་ཞུ་ལགས།བཙན་དབང(强权)གིས་ནི།དཔལ་ཡོན་ཡར་རྒྱས་སུ་ཕྱིན་པའི་མཇུག་འབྲས་དང་རྒྱལ་སྤྱིའི་དྲང་བདེན་གྱི་རྩ་དོན་ཐལ་བའི་རྡུལ་དུ་བརླག་པར་འགྱུར་བ་མ་ཟད།
ཨ་རུ་སུའི་མི་དམངས་ལ་འདག་པར་དཀའ་བའི་ལོ་རྒྱུས་ཀྱི་མཚན་ཤས་དང་གོད་ཀ་འཁོར་བར་གདོན་མི་ཟ།
ཞི་བདེ་ནི་མི་སེམས་ཀྱི་གཉུག་མ་རང་བྱུང་བའི་རེ་འདོད་ཅིག་གོ །ང་ཚོས།
དྲང་བདེན་མིན་པའི་དམག་འཁྲག་ལ་ངོ་རྒོལ་བྱའོ། །
གྲོས་གཞི་འདོན་མཁན་ནི།
སིན་ཅང་།(孙江) ནན་ཅིན་སློབ་གྲྭ་ཆེན་མོའི(南京大学)ལོ་རྒྱུས་རིག་པའི་སློབ་དཔོན་ཆེན་མོ།
བང་ལས་ཤེན།(王力新) པེ་ཅིན་སློབ་གྲྭ་ཆེན་མོའི(北京大学)ལོ་རྒྱུས་རིག་པའི་སློབ་དཔོན་ཆེན་མོ།
ཤིས་ཀོ་ཆིས།(徐国琦) ཧོང་ཀོང་སློབ་གྲྭ་ཆེན་མོའི(香港大学)ལོ་རྒྱུས་རིག་པའི་སློབ་དཔོན་ཆེན་མོ།
ཀྲུང་བེ་མེན།(仲伟民) ཆིན་ཧྭ་སློབ་གྲྭ་ཆེན་མོའི(清华大学)ལོ་རྒྱུས་རིག་པའི་སློབ་དཔོན་ཆེན་མོ།
ཀྲུན་ཡན།(陈雁) ཧྥུས་ཏན་སློབ་གྲྭ་ཆེན་མོའི(复旦大学)ལོ་རྒྱུས་རིག་པའི་སློབ་དཔོན་ཆེན་མོ།