དོ་རྒྱ་བསོད་ནམས་ཚེ་རིང་།
ནང་དོན་གནད་བཏུས།བོད་ཡིག་དགེ་རྒན་དག་ལ་མཚོན་ན། རྒྱལ་སྤྱི་དང་རྒྱལ་ནང་གི་སློབ་ཁྲིད་བྱེད་ཐབས་སོགས་ལ་ཁ་ཕྱིར་བལྟས་ཀྱིས་ཅུང་ཟད་བྱང་བ་ནི་ལེགས་པའི་གནས་སུ་མཐོང་མོད།
འོན་ཀྱང་བོད་རང་གི་མཁས་པ་དག་གིས་གཞུང་ཇི་ལྟར་བརྩམས་དང་། གཞུང་གི་ཁྲིད་ཡིག་ཇི་ལྟར་མཛད་པའི་ཚུལ་བཏང་སྙོམས་སུ་བསྐྱུར་པའི་དོན་དངོས་ལ་དམིགས་ཏེ།
འདིར་ཆེད་དུ་ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་གྲུབ་མཐའ་རིས་སུ་མ་ཆད་པའི་གཞུང་ལས་དཔེ་མཚོན་རང་བཞིན་གྱི་ཁྲིད་ཡིག་འགའ་ཞིག་ཁོལ་དུ་ཕྱུང་ནས་བསྟན་ཡོད་དོ།།
བདག་ལ་མཚོན་ན།བོད་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་གླིང་བར་ནས་མི་ཚེ་ཟད་པར་གྱུར་ཏེ།བོད་ཀྱི་གཞུང་ལུགས་ལ་མཇལ་ཁུལ་རེ་བྱས་ནའང་།དོན་ལ་གཞུང་ལུགས་ཀྱི་གནད་ཅིག་རྟོགས་པ་ཕར་ཟད།ཐ་ན་གཞུང་རེའི་བྱེད་ལས་ཙམ་ཡང་ད་ལྟ་ལ་ཐུག་གི་བར་དུ་ཇི་བཞིན་དུ་མ་ཤེས་པ་རེད།དཔེར་ན།
བོད་ལ་བསྟན་བཅོས་རི་བོའི་གཏོས་དང་མཉམ་པར་བཞུགས་པའི་ཁྲོད་དུ།རྩ་བའི་ཆ་ནས་གཞུང་རང་མཚན་པ་ཞིག་དང་གཞུང་དེ་ཉིད་འཁྲིད་བྱེད་ཀྱི་ཁྲིད་ཡིག་ཅིག་བཞུགས་པའི་དབྱེ་བ་ཙམ་ཡང་ཡིད་ལ་མ་འཁོར་བ་རེད།
སྤྱིར་བཏང་རྒྱལ་བའི་བཀའ་ཡི་དགོངས་འགྲེལ་བསྟན་བཅོས་བཞུགས་སོ་ཅོག་ནི་བཀའ་ཡི་ཁྲིད་ཡིག་ཉག་ཅིག་གོ་ཞེས་བརྗོད་ཀྱང་མི་ཆོག་པ་ཆེར་མེད་དེ།རྒྱུ་མཚན་ནི་བཀའ་ཡི་དགོངས་པ་བདེ་བླག་ཏུ་རྙེད་པ་ལ་ཆེད་དུ་མཛད་པའི་འགྲེལ་པ་ཡིན་པར་མཁས་བླུན་སུས་ཀྱང་ཁས་ལེན་པའི་ཕྱིར་རོ།།
གཅིག། ཁྲིད་ཡིག་གི་གོ་དོན་མདོར་བསྟན་པ།
ཁྲིད་ཡིག་ཅེས་པ་ནི། «བོད་ཀྱི་ཚིག་མཛོད་ཆེན་མོ»ལྟར་ན། “སློབ་ཁྲིད་བྱེད་རྒྱུའི་ཡི་གེའམ་དཔེ་ཆ།”①ཞེས་དང་། «སྨོན་ལམ་ཚིག་མཛོད»དུ།
“1.སློབ་ཁྲིད་བྱེད་རྒྱུའི་ཡི་གེའམ་དཔེ་ཆའི་མིང་སྟེ། དཔེར་ན། འཛིན་རིམ་དང་པོའི་ཁྲིད་ཡིག་སློབ་དེབ་ལྟ་བུ།
2.མན་ངག་གམ་གདམས་པ་དམིགས་བསལ་སྟོན་པའི་དཔེ་ཆ་སྟེ།དཔེར་ན།ཁྲིད་ཡིག་འཇམ་དཔལ་ཞལ་ལུང་།ཁྲིད་ཡིག་རིག་འཛིན་ཞལ་ལུང་།
ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ལྟ་བུ།”②བཀོད་འདུག་པས།དེའི་ཤེས་བྱེད་དུ་ལུང་མང་དུ་དྲངས་པའི་དགོས་པ་མ་མཆིས་པར།གཞུང་ཤེས་བྱེད་དམ་ཁྲིད་བྱེད་དུ་ཆེད་དུ་བྲིས་པའི་ཡི་གེའམ་དཔེ་ཆ་སྟེ་འགྲེལ་བཤད་ཡིན་པ་གོ་སླ་ལ།མིང་བརྡ་ཇི་ལྟར་འབྲི་ཚུལ་ཐད་དུ་འཁྲིད་ཡིག་ཅེས་བྱེད་ཚིག་སྤྱད་པའང་མང་དུ་མཐོང་ཞིང་།ཁྲིད་ཡིག་གི་རྩོམ་ལུས་ཀྱི་ཆ་ལའང་བཅད་ལྷུག་སྤེལ་མ་གསུམ་དུ་སྣང་བ་ཞོར་ལ་ཤེས་པར་བྱའོ།།
གཉིས། ཁྲིད་ཡིག་གི་དཔེ་མཚོན་འགའ་ཞིག་སྤྱིར་བསྟན་པ།
བོད་ཡུལ་དུ་དར་ཅིང་རྒྱས་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་མཁས་པ་དག་གིས།བཀའ་དང་དགོངས་འགྲེལ།
གཞུང་དང་ཁྲིད་ཡིག། རྩ་བ་དང་འགྲེལ་བ་གང་ཞིག་བཀླགས་པའི་ཚེ།དེ་ལ་རྒྱ་འགྲེལ་དང་བོད་འགྲེལ་ག་ཚོད་བཞུགས་པ་དང་།
རང་འགྲེལ་དང་གཞན་འགྲེལ་གང་དག་ཡོད་མེད།བསྡུས་འགྲེལ་དང་རྒྱས་འགྲེལ་གང་ཞིག་དྲག་ཤོས་ཡིན་པ་སོགས་བློ་ངོར་གསལ་ལེར་འཆར་བའི་ཚད་ལ་གནས་སོ།།
ཡིན་ནའང་། བོད་ཀྱི་སློབ་གསོའི་སྡེ་དང་ལྷག་པར་དུ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ལ་མཚོན་ན་དེ་ལྟར་མ་ཡིན་ཏེ།ཁོ་ཚོ་ནི་རྒྱ་ཡིག་ལྟར།སློབ་ཁྲིད་གྲ་སྒྲིག་དང་ཁྲིད་གཞི།ཁྲིད་ཀྱི་ཕྱིར་རྟོག་སོགས་ལ་བློ་ཁ་ཅུང་ཟད་གོམས་པ་ལས།བོད་རང་གི་གཞུང་དང་གཞུང་དེ་ཉིད་འཁྲིད་བྱེད་ཀྱི་ཡི་གེ་ཞིག་གཞུང་གི་ལོགས་སུ་བཞུགས་པ་ལ་ནི་ཐུགས་མཉམ་གཏན་ནས་མི་འཇོག་པའི་ཚོད་དུ་སྣང་ངོ་།།
དོན་ལ་རང་རེའི་བོད་ཀྱི་མཁས་པ་དག་ནི་གཞུང་ངམ་རྩོམ་རང་མཚན་པ་འབྲི་བའི་རྩོམ་པ་པོ་ཁོ་ན་ཞིག་མ་ཡིན་པར་རྩོམ་ཡིག་རང་མཚན་པ་དག་རང་གི་སློབ་མ་ལ་ཇི་ལྟར་ཁྲིད་པའི་ཐབས་ལ་ཀུན་ནས་འབད་པའི་སློབ་ཁྲིད་ཞིབ་འཇུག་པའམ་དེང་སང་གི་སྐད་ཆ་ལྟར་བཤད་ན་སློབ་ཁྲིད་གྲ་སྒྲིག་བྱེད་མཁན་ཞིག་ཀྱང་ཡིན་པ་བདག་གིས་ཤེས་ཚོད་ལྟར་མཚན་གཞི་རེ་དྲངས་ན།
དཔལ་ལྡན་ས་སྐྱ་པ་ལ་མཚོན་ན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན(1182—1251)གྱིས་བརྩམས་ཤིང་ཀུན་ལ་གྲགས་ཆེ་བའི«ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ»(ཡོངས་གྲགས་སུ«ས་སྐྱ་ལེགས་བཤད»ཞུ)ལའང་།
བཙུན་པ་རིན་ཆེན་དཔལ་གྱིས་མཛད་པའི«ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ཞེས་བྱ་བའི་འགྲེལ་པ་བཞུགས་སོ»དང་།སངས་རྒྱས་བསྟན་འཛིན་གྱིས་མཛད་པའི«ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་གྱི་དོན་འགྲེལ་བློ་གསལ་བུང་བའི་བསྟི་གནས་ཞེས་བྱ་བ་བཞུགས་སོ»ཡིས་མཚོན་ཏེ།
བཅུ་ཕྲག་རིག་པའི་གཞུང་རེ་ལ་ཁྲིད་ཡིག་མང་དུ་བཞུགས་སོ།།
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས(982—1054)མཛད་པའི«བྱང་ཆུབ་ལམ་གྱི་སྒྲོན་མ»ལ་མཚོན་ན།ཤོག་གྲངས་མང་པོ་མེད་པའི་བཀའ་རྩོམ་ཐུང་ཐུང་ཞིག་ཡིན་ནའང་།
རྗེ་རིན་པོ་ཆེས(1357—1419)«ལམ་རིམ་ཆེན་མོ»དང་།«ལམ་རིམ་འབྲིང་པོ»
«ལམ་རིམ་བསྡུས་དོན»སོགས་ཁྲིད་ཡིག་མང་དུ་མཛད་འདུག་ལ།རྗེས་འཇུག་པ་དག་གིས་མཛད་པའི་ཁྲིད་ཡིག་ནི་བརྗོད་ཀྱིས་མི་ལང་ངོ་།།
ཇོ་ནང་བ་ལ་མཚོན་ནའང་། གཞུང་གི་ཁྲིད་ཡིག་རྒྱས་བསྡུས་ཧ་ཅང་མང་པོ་བཞུགས་པ་ལས།
ཁྱད་པར་དུ་ཇོ་ནང་ཀུན་དགའ་གྲོལ་མཆོག(1507—1566)གིས་མཛད་པའི«ཇོ་ནང་ཁྲིད་བརྒྱ་བཞུགས་སོ»ནི་མ་གཞི་ནས་ཁྲིད་ཡིག་ཆེད་སྒྲིག་གི་དེབ་ཅིག་ཏུ་འདུག་སྟེ།དེའི་ནང་དུ«ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག»དང་།
«བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག» «རྟེན་འབྲེལ་སྙིང་པོའི་ཁྲིད་ཡིག» སོགས་ཁྲིད་ཡིག་བརྒྱ་དང་བརྒྱད་བསྡུས་ཡོད་པ་མ་ཟད།ད་དུང་ཁྲིད་ཡིག་གི་དབུ་ལ།
ཁྲིད་བརྒྱའི་བརྒྱུད་འདེབས་དང་།ཁྲིད་བརྒྱའི་ཁུངས་གླེང་། ཁྲིད་བརྒྱའི་ལོ་རྒྱུས། ཁྲིད་བརྒྱའི་སྔོན་འགྲོ་བཀོད་འདུག་ལ།མཇུག་ཏུ་ཁྲིད་བརྒྱའི་ས་འགྲེལ་དང་།ཁྲིད་བརྒྱའི་མཚན་ཐོ།
ཁྲིད་བརྒྱའི་པོད་དབང་བྱེད་ཚུལ་སོགས་བཀོད་པའི་དེབ་མཆོག་ཐུན་མོང་མ་ཡིན་པ་ཞིག་བཞུགས་སོ།།
སྔ་འགྱུར་རྙིང་མ་བ་ལའང་། རྒྱལ་བ་ཀློང་ཆེན་རབ་འབྱམས(1308—1363)ཀྱིས་མཛད་པའི«རྫོགས་པ་ཆེན་པོ་ངལ་གསོ་སྐོར་གསུམ»
རེ་རེ་ལའང་། ཁོང་རང་ཉིད་ཀྱིས་བསྡུས་དོན་དང་། འགྲེལ་པ། དོན་ཁྲིད་སོགས་མཛད་པ་དང་། ཀུན་མཁྱེན་འཇིགས་མེད་གླིང་པའི(1729—1792)ལྗགས་རྩོམ་ལ་རྡོ་གྲུབ་སྐུ་ཕྲེང་དང་པོ་འཇིགས་མེད་འཕྲིན་ལས་འོད་ཟེར(1745—1821)གྱིས་གུང་བསྒྲིགས་པ«རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབས་པ་རྣམ་མཁྱེན་ལམ་བཟང»བཅད་ལྷུག་སྤེལ་མའི་རྩོམ་ལུས་ཅན་དེ་གཅིག་པུར་མཚོན་ནའང་།ཀུན་མཁྱེན་འཇིགས་གླིང་གིས་མཛད་པའི«རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཐུན་མོང་གི་སྔོན་འགྲོ་ཁྲིད་ཀྱི་ལག་ལེན་ལ་འདེབས་ལུགས»དང་།«རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཏིག་གི་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་ཁྲིད་ཡིག་དྲན་པ་ཉེར་གཞག»ཅེས་སྟོད་སྨད་གཉིས་སུ་དབྱེ་སྟེ་རང་འགྲེལ་གྱི་ཚུལ་དུ་ཁྲིད་ཡིག་མཛད་ཡོད་པ་མ་ཟད།གཞན་ཡང་ཆོས་ཀྱི་གྲགས་པས་མཛད་པའི«ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་གྱི་འབྲུ་འགྲེལ་རྣམ་མཁྱེན་ལམ་སྒྲོན»དང་།
རྫ་དཔལ་སྤྲུལ(1808—1887)གྱིས་མཛད་པའི«རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང»སོགས་ཀུན་ལ་གྲགས་དང་མ་གྲགས་པའི་ཁྲིད་ཡིག་ཤིན་ཏུ་མང་ངོ་།།
བཀའ་བརྒྱུད་ཕྱག་ཆེན་ལ་མཚོན་ནའང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས(1813—1899)མཛད་པའི«ཕྱག་ཆེན་སྔོན་འགྲོའི་ཁྲིད་ཡིག་ངེས་དོན་སྒྲོན་མེ»སོགས་ཁྲིད་ཡིག་རྒྱས་བསྡུས་མང་དུ་བཞུགས་པ་སྨོས་ཅི་འཚལ།
བོན་གྱི«སྔོན་འགྲོའི་ངག་འདོན་བསླབ་གསུམ་རིན་ཆེན་འདྲེན་པའི་ཤིང་རྟ»ལ་མཚོན་ནའང་།
ཤར་རྫ་བཀྲ་ཤིས་རྒྱལ་མཚན(1858—1933)གྱིས་མཛད་པའི«མན་ངག་རིན་པོ་ཆེ་ཨ་ཁྲིད་ཐུན་མཚམས་བཅོ་ལྔ་པའི་སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ»ཞེས་པས་མཚོན་ཏེ་ཁྲིད་ཡིག་རྒྱས་བསྡུས་མང་དུ་བཞུགས་ངེས་སོ།།
དེ་དག་ནི་བདག་གི་ལག་ཏུ་ཐོགས་པའི་ཁྲིད་ཡིག་དག་གི་དཔེ་མཚོན་ཙམ་བཀོད་པ་ཡིན་གྱི་ཞིབ་ཏུ་ནི་ཁོ་བོས་འདི་ཙམ་ཞེས་ཁ་ཚོན་གཅོད་མི་བྲའོ།།
གསུམ། ཁྲིད་ཡིག་གི་ཆ་ལག་རྒྱུགས་ཆེ་བ་འགའ་ཞིག་བྱེ་བྲག་ཏུ་བསྟན་པ།
ཁྲིད་ཡིག་གི་རྣམ་གྲངས་སམ་ཆ་ལག་ལ་བསྡུས་འགྲེལ་དང་།རྒྱས་འགྲེལ།
འབྲུ་འགྲེལ།ཚིག་འགྲེལ།དོན་འགྲེལ། རིས་འགྲེལ།སྒྲུང་འགྲེལ།རང་འགྲེལ། རྒྱ་འགྲེལ།བོད་འགྲེལ།སྔ་འགྲེལ།ཟིན་བྲིས།བརྗེད་བྱང་།ཐོ་ཡིག།
དཀའ་འགྲེལ།གནད་འགྲེལ།མཆན་འགྲེལ།ས་བཅད། བསྡུས་དོན།འབྱེད་འགྲེལ།ཞིབ་འགྲེལ། ས་འགྲེལ།གསང་འགྲེལ།བརྡ་འགྲེལ།
རྒྱུད་འགྲེལ།ལོག་འགྲེལ་སོགས་དང་།ད་དུང་དམིགས་རིམ་དང་།གནད་བྱང་།དབང་བཤད།དབང་དོན།ལྷན་ཐབས།ཆོ་ག།བསྙེན་ཡིག།ཡིག་ཆུང་།
ཟིན་ཐོ།གནད་ཡིག།དམིགས་གནད།གབ་བྱང་།མཚམས་སྦྱོར།སྤྱི་ཆིངས། ཁོག་འབུབས།བྲི་ཡིག་སོགས་ཀྱིས་མཚོན་པའི་དགེ་རྒན་ཕལ་བ་ལ་ཡོངས་སུ་གྲགས་པ་དང་མ་གྲགས་པའི་ཁྲིད་ཡིག་སྣ་ཚོགས་ལ་ཞིབ་འཇུག་བྱེད་པ་ནི་བོད་ཡིག་སློབ་ཁྲིད་ཀྱི་རྒྱུད་ལེགས་པར་འཛིན་པ་ལ་ཁ་ཚ་དགོས་གཏུགས་སུ་མཐོང་བས་དམིགས་བསལ་བ་འགའ་ཞིག་མཚོན་ཙམ་ཞུ་ན།
1.བསྡུས་འགྲེལ།དེ་ནི་གཞུང་གི་ཚིག་དོན་བསྡུས་ཏེ་འགྲེལ་པའི་ཁྲིད་ཡིག་ཅིག་སྟེ།དཔེར་ན།ཁང་གསར་བསྟན་པའི་དབང་ཕྱུག་གིས་མཛད་པའི«ཟངས་མདོག་དཔལ་རིའི་སྨོན་ལམ་གྱི་བསྡུས་འགྲེལ།»ལྟ་བུ།
2.རྒྱས་འགྲེལ། དེ་ལ་རྒྱ་ཆེར་འགྲེལ་ཞེས་ཀྱང་བྱ་སྟེ། གཞུང་དོན་མ་ལུས་པར་རྒྱས་པར་བཤད་པའི་ཁྲིད་ཅིག་སྟེ།དཔེར་ན།ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི«འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་པ་འཕགས་མཆོག་རྣམས་ཀྱི་གསང་བའི་མཛོད་ཅེས་བྱ་བ་བཞུགས»ལྟ་བུ།
3.འབྲུ་འགྲེལ། དེ་ནི་གཞུང་གི་ཡིག་འབྲུ་རེ་རེ་གཅིག་ཀྱང་མ་ལུས་པར་ནག་འགྲོས་སུ་འགྲེལ་པའི་ཁྲིད་ཡིག་ཅིག་སྟེ།
དཔེར་ན། ཆོས་ཀྱིས་གྲགས་པས་མཛད་པའི«ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་གྱི་འབྲུ་འགྲེལ་རྣམ་མཁྱེན་ལམ་སྒྲོན»ལྟ་བུ།
4.ཚིག་འགྲེལ། དེ་ནི་གཞུང་གི་ཚིག་རིས་ཇི་བཞིན་མ་ལུས་པར་འགྲེལ་པའི་ཁྲིད་ཡིག་ཅིག་སྟེ།དཔེར་ན།ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི«ཤེར་སྙིང་གི་ཚིག་འགྲེལ་བཞུགས་སོ»ལྟ་བུ།
5.དོན་འགྲེལ། དེ་ནི་གཞུང་དོན་ལ་དམིགས་ཏེ་བྲིས་པའི་ཁྲིད་ཡིག་ཅིག་སྟེ།དཔེར་ན།སངས་རྒྱས་བསྟན་འཛིན་གྱིས་མཛད་པའི«ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་གྱི་དོན་འགྲེལ་བློ་གསལ་བུང་བའི་བསྟི་གནས་ཞེས་བྱ་བ་བཞུགས་སོ»ལྟ་བུ།
6.རིས་འགྲེལ། དེ་ནི་གཞུང་དོན་རི་མོའི་ལམ་ནས་འགྲེལ་པའི་ཁྲིད་ཡིག་ཅིག་སྟེ།
དཔེར་ན། ཉག་རོང་ཉི་མ་རྒྱལ་མཚན་གྱིས་མཛད་པའི«སྔོན་འགྲོའི་དཔེ་རིས་རབ་གསལ་མེ་ལོང»ལྟ་བུ།
7.སྒྲུང་འགྲེལ། དེ་ནི་གཞུང་གི་དོན་སྒྲུང་ལ་བརྟེན་ནས་གོ་བར་བྱེད་པའི་ཁྲིད་ཡིག་ཅིག་སྟེ།
དཔེར་ན། ད་སྔ་མཛད་པ་པོ་མི་གསལ་པའི«བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྒྲུང་འགྲེལ་ལས་འབྲས་གསལ་བའི་མེ་ལོང་།»ལྟ་བུ།
8.རང་འགྲེལ། དེ་ནི་གཞུང་མཛད་པ་པོ་རང་ཉིད་ཀྱིས་རང་གི་གཞུང་འགྲེལ་པའི་ཁྲིད་ཡིག་ཅིག་སྟེ།དཔེར་ན།རྒྱལ་བ་ཀློང་ཆེན་རབ་འབྱམས་པས་མཛད་པའི«རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ཞེས་བྱ་བ»ལྟ་བུ།
9.རྒྱ་འགྲེལ། དེ་ནི་རྒྱ་གར་མཁས་པས་མཛད་པའི་གཞུང་ལ་རྒྱ་གར་མཁས་པས་མཛད་པའི་ཁྲིད་ཡིག་ཅིག་སྟེ།དཔེར་ན།སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི«ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ»ལྟ་བུ།
10.བོད་འགྲེལ། དེ་ནི་རྒྱ་གཞུང་ལ་བོད་མཁས་པས་འགྲེལ་བ་སྟེ། དཔེར་ན།རྒྱལ་ཚབ་དར་མ་རིན་ཆེན་གྱིས་མཛད་པའི«བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་བཞུགས་སོ།།»ལྟ་བུ།
11.སྔ་འགྲེལ། དེ་ནི་འགྲེལ་པ་སྔོན་དང་རྩ་བ་རྗེས་སུ་བཀོད་པའི་ཁྲིད་ཡིག་ཅིག་སྟེ།
དཔེར་ན།རྡོ་སྦིས་དགེ་བཤེས་ཀྱིས་མཛད་པའི«ལམ་གཙོའི་སྔ་འགྲེལ་བློ་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ»ལྟ་བུ།
12.ཟིན་བྲིས། དེ་ནི་གཞུང་རྣམས་ལས་མིག་མཐོང་ལག་ཟིན་གྱི་ཚིག་དོན་ཆེན་དུམ་བུ་དུམ་བུ་རེར་ཐིགས་པ་བསགས་པ་ལྟར་བཀོད་པའི་ཁྲིད་ཡིག་ཅིག་སྟེ།
དཔེར་ན། མཁན་ཆེན་ངག་གི་དབང་པོས་མཛད་པའི«རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་ཟིན་བྲིས»ལྟ་བུ།
13.བརྗེད་བྱང་། དེ་ནི་གཞུང་དོན་ཉེར་མཁོ་བརྗེད་ཐོར་བཀོད་པའི་ཁྲིད་ཡིག་ཅིག་སྟེ།དཔེར་ན།མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི«ལམ་རིམ་བརྗེད་བྱང་ཆེན་མོ»ལྟ་བུ།
14.ཐོ་ཡིག། དེ་ནི་གཞུང་དོན་གྱི་ཉེར་མཁོ་དག་ཕྱོགས་གཅིག་ཏུ་བསྡུས་པའི་ཁྲིད་ཡིག་ཅིག་སྟེ།དཔེར་ན།རོང་ཟོམ་ཆོས་བཟང་གིས་མཛད་པའི«ཆོས་ཀྱི་རྣམ་གྲངས་ཀྱི་ཐོ་ཡིག»ལྟ་བུ།
15.དཀའ་འགྲེལ། དེ་ནི་གཞུང་དོན་གོ་དཀའ་བ་དག་གཙོ་བོར་བཤད་པའི་ཁྲིད་ཡིག་ཅིག་སྟེ།
དཔེར་ན། འཇུ་མི་ཕམ་རིན་པོ་ཆེས་མཛད་པའི«ཀློང་གསལ་གཏེར་བྱོན་སྒྲོལ་བའི་ཚིག་གི་དཀའ་འགྲེལ་མཐའ་དྲུག་ཚུལ་བཞིས་བསྟན་པ།»ལྟ་བུ།
16.གནད་འགྲེལ། དེ་ནི་གཞུང་གི་གནད་འགག་གི་སྐོར་འགྲེལ་པའི་ཁྲིད་ཡིག་ཅིག་སྟེ།དཔེར་ན།
དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི«གསང་འདུས་བསྐྱེད་རྫོགས་དཀའ་གནད་གསལ་འགྲེལ»ལྟ་བུ།
17.མཆན་འགྲེལ། དེ་ནི་གཞུང་དོན་གྱི་མི་ཤེས་པ་དག་ལ་འགྲེལ་པ་འདོགས་པའི་ཁྲིད་ཡིག་ཅིག་སྟེ།
དཔེར་ན། འཇུ་མི་ཕམ་གྱིས་མཛད་པའི«བཤེས་སྤྲིང་གི་མཆན་འགྲེལ་པདྨ་དཀར་པོ»ལྟ་བུ།
18.ས་བཅད། དེ་ནི་གཞུང་ལ་ཚན་པ་བགོ་བའི་ཁྲིད་ཡིག་ཅིག་སྟེ། དཔེར་ན།
ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་མཛད་པའི«ལམ་རིམ་འབྲིང་པོའི་ས་བཅད»ལྟ་བུ།
19.བསྡུས་དོན། དེ་ནི་གཞུང་དོན་བསྡུས་ཏེ་བསྟན་པའི་ཁྲིད་ཡིག་ཅིག་སྟེ།
དཔེར་ན། གཡུ་ཁོག་བླ་མ་ཆོས་དབྱིངས་རང་གྲོལ་གྱིས་མཛད་པའི«ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་བསྡུས་དོན་དཔལ་མགོན་བླ་མའི་ཞལ་ལུང་།»ལྟ་བུ།
བཞི། ཁྲིད་ཡིག་དང་འབྲེལ་བའི་འཆད་ཐབས་དང་སྦྱོང་ཐབས་འགའ་བསྟན་པ།
1.སློབ་དཔོན་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཆོ་འཕྲུལ་རྣམ་པ་གསུམ་གྱི་སྒོ་ནས་འཆད་པ་ནི།
སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་གདུལ་བྱ་འཁོར་དུ་མ་འདུས་པ་རྣམས་བསྡུས། འདུས་པ་རྣམས་དད་པར་བྱས་ནས།
ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་དེ་དག་གི་བློ་དང་དབང་པོ་སྐལ་བའི་རིམ་པ་ཇི་ལྟ་བ་བཞིན་སྟོན་ཏེ།
གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་དེ་དག་རང་རང་གི་སྐལ་བ་དང་མཐུན་པའི་ཆོས་རིགས་དྲུག་རང་རང་གི་སྐད་དུ་གསུང་ཚངས་པའི་དབྱངས་ཀྱིས་སྟོན་པའོ།།
2.སློབ་དཔོན་དགྲ་བཅོམ་པ་རྣམས་ཀྱིས་དག་པ་གསུམ་གྱི་སྒོ་ནས་འཆད་པ་ནི།
དེ་ཡང་ཉན་པ་པོའི་སྣོད་དག་པ་གདུལ་བྱ་འཁོར་དུ་འདུས་པ་དེའི་རྒྱུད་མངོན་ཤེས་ཀྱིས་བརྟགས་ནས་རྒྱུད་དག་པ་ལ་ཆོས་འཆད།
འཆད་པ་པོའི་ངག་དག་པ་རྡབ་རྡིབ་དང་ནོར་འཁྲུལ་མེད་ཅིང་དབྱངས་གསལ་ཡིད་དུ་འོང་བ་ཉོན་མོངས་སྤངས་པའི་ངག་གིས་འཆད།
གསུང་རབ་ཀྱི་བརྗོད་བྱ་དག་པ་རང་གི་སློབ་དཔོན་རྫོགས་པའི་སངས་རྒྱས་སོགས་ནས་ཇི་ལྟར་ཐོས་པ་ལྟར།
ཚིག་ལ་ལྷག་ཆད་དང་དོན་ལ་ནོར་འཁྲུལ་མེད་པར་མི་བརྗེད་པའི་གཟུངས་ཀྱིས་བཟུང་སྟེ་འཆད།
3.སློབ་དཔོན་མཁས་པ་པཎྜི་ཏའི་འཆད་ཚུལ་ཡང་གཉིས་ཏེ། དཔལ་ན་ལེནྡྲའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་སྟེ་སྟོན་པ་ཕུན་སུམ་ཚོགས་པ།
ཆོས་ཕུན་སུམ་ཚོགས་པ། འཁོར་ཕུན་སུམ་ཚོགས་པ། གནས་ཕུན་སུམ་ཚོགས་པ། དུས་ཕུན་སུམ་ཚོགས་པ་དང་།
བསྟན་བཅོས་ཐམས་ཅད་རྩིས་མགོ་ཡན་ལག་ལྔ་སྟེ། མཛད་པ་པོ། ལུང་གང་ནས་བཏུས་པ། ཕྱོགས་གང་དུ་གཏོགས་པ།
དབུ་ནས་ཞབས་སུ་བསྡུས་པའི་དོན། དགོས་ཆེད་སུ་ཞིག་གི་དོན་དུ་མཛད་པ་བཅས་ཀྱིས་འཆད་དོ།།བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་ནི།
ཉན་པ་པོ་སྣོད་རུང་དུ་བྱ་བ་དང་། བསྟན་པའི་བྱུང་ཚུལ་ངེས་པ་གཉིས་ཀྱི་སྒོ་ནས་འཆད་དོ།།གཞན་ཡང་ཆེ་བ་བཞི་ལྡན་གྱི་འཆད་ཐབས་ཏེ།
རྩོམ་པ་པོའི་ཆེ་བ་དང་། ཆོས་ཀྱི་ཆེ་བ་དང་། བཤད་པའི་ཚུལ་གྱི་ཆེ་བ་དང་། ཉན་པའི་ཚུལ་གྱི་ཆེ་བ་འདི་ཡང་བི་ཀྲ་མ་ལ་ཤི་ལའི་འཆད་ཐབས་སུ་གཏོགས་པར་བཤད་དོ།།
4.འཆད་ཐབས་ཡན་ལག་གསུམ་ལྡན་ནི། ཚིག་དོན་ངེས་པའི་ཡན་ལག་ཏུ་ངག་དོན་འགོད་པ།
གནད་དོན་ངེས་པའི་ཡན་ལག་ཏུ་སྤྱི་དོན་བཤད་པ།རྩོད་པ་འཕེལ་བའི་ཡན་ལག་ཏུ་མཐའ་དཔྱོད་སྤྲོ་བའོ།།
5.དགོས་སོགས་ཆོས་བཞིའི་འཆད་ཐབས་ནི། དགོས་པ། ཉིང་དགོས། འབྲེལ་བ།
བརྗོད་བྱ་བཅས་དང་། ཡང་ན་རྗོད་བྱེད། བརྗོད་བྱ། དེ་གཉིས་ཀྱི་འབྲེལ་བ། དགོས་པ་དང་དགོས་པའི་དགོས་པ་བཅས་སོ།།
6.རྣམ་བཤད་རིགས་པ་ནས་བསྟན་པའི་འཆད་ཐབས་ཡན་ལག་ལྔ་ནི། མདོ་དོན་སྨྲ་བ་རྣམས་ཀྱིས་ནི།
།དགོས་པ་བསྡུས་པའི་དོན་བཅས་དང་།།ཚིག་དོན་བཅས་ཤིང་མཚམས་སྦྱར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ།།ཞེས་པའོ།།
7.མཐའ་དྲུག་གི་འཆད་ཐབས་ནི། གསང་སྔགས་ལག་ལེན་གྱི་མཐའ་ཅན་དང་།
ལག་ལེན་བླ་མའི་མཐའ་ཅན། བླ་མ་གདམས་ངག་གི་མཐའ་ཅན། གདམས་ངག་མྱོང་བའི་མཐའ་ཅན། མྱོང་བ་བསྡུས་པའི་མཐའ་ཅན།
བསྒྲུབས་པ་འབྲས་བུའི་མཐའ་ཅན་བཅས་སོ།།འབྲི་གུང་བས་ནི། དྲང་དོན་ངེས་དོན་གཉིས། སྒྲ་ཇི་བཞིན་པ་དང་ཇི་བཞིན་མ་ཡིན་པ་གཉིས།
དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པ་གཉིས་ཏེ་དྲུག་ཏུ་འདོད་དོ།།
8.ཚུལ་བཞིའི་འཆད་ཐབས་ནི། ཡི་གེའི་ཚུལ། སྤྱིའི་ཚུལ། སྦས་པའི་ཚུལ།
མཐར་ཐུག་གི་ཚུལ་ལོ། །ཡང་ན། རང་བཞིན་གྱི་ཚུལ། གབ་པའི་ཚུལ། སྦས་པའི་ཚུལ། མི་བསྟན་པའི་ཚུལ་རྣམས་སོ།།ཡང་འདྲེན་ཚུལ་གཞན་ཞིག་སྟེ།
སྤྱིའི་དོན། གཞུང་གི་དོན། རྒྱས་པའི་དོན། མཐར་ཐུག་གི་དོན་རྣམས་མངོན་སུམ་དུ་གྱུར་པ་བཅས་བཞིའོ།།
9.ཞུམ་རྒོད་རྨུགས་གསུམ་སེལ་བའི་འཆད་ཐབས་ནི། ཞུམ་ལ་གཟེངས་བསྟོད་རྒོད་པ་ལ།
།འཁོར་བའི་ཉེས་དམིགས་ལེགས་པར་བཤད།།རྨུགས་པ་རྣམས་ལ་ངོ་མཚར་གྱི། །གཏམ་བཤད་ནས་ནི་ཉན་དུ་གཞུག།ཅེས་སོ།།
10.ཉི་ཟླ་སྐར་གསུམ་གྱི་འཆད་ཐབས་ནི། སྤྱི་དོན་ཚངས་ཐིག་གི་སྒོ་ནས་ཁོག་ཕུབ།
རྩ་འགྲེལ་ཞིབ་སྦྲགས་ཀྱི་ཁྲིད་ཀྱིས་གཞུང་བཟུང་། མཐའ་དཔྱོད་བརྒལ་ལན་གྱི་སྒོ་ནས་མཐའ་བཅད་པའོ།།
11.བཀྲ་ཤིས་རྟགས་བརྒྱད་ཀྱི་འཆད་ཐབས་ནི། ངེས་པ་བསྐྱེད་པའི་ཡན་ལག་ཏུ་ཆོས་འབྱུང་གིས་སྔོན་བསུས།སྤྲོ་བ་བསྐྱེད་པའི་ཡན་ལག་ཏུ་ཕན་ཡོན་གྱི་འབྲས་བུ་བསྟན།
སྤྱི་ཁོག་འཆར་བའི་ཡན་ལག་ཏུ་བསྡུས་དོན་གྱིས་ས་བཅད། ཚིག་དོན་ངེས་པའི་ཡན་ལག་ཏུ་ཚིག་འབྲུ་ཞིབ་ཏུ་བཀྲལ།
གནད་དོན་ངེས་པའི་ཡན་ལག་ཏུ་དོན་སྦྱོར་རེ་རེ་བཀོད། དཔྱད་པ་འཇུག་པའི་ཡན་ལག་ཏུ་བཞེད་མཚམས་སོ་སོས་ཟུར་རྒྱན།
རྩོད་གྲྭ་འཕེལ་བའི་ཡན་ལག་ཏུ་དོགས་སློང་དང་རྩོད་པའི་སྒོ་བསྟན། རྒྱུད་ལ་སྦྱོར་བའི་ཡན་ལག་ཏུ་ལམ་བསྒྲིགས་ཀྱི་མན་ངག་གསུངས་པའོ།།
12.འཆད་ཐབས་ལུགས་གཉིས་མ་ནི། མཛུབ་ཁྲིད་ཀྱི་ལུགས་དང་། ཉན་བཤད་ཀྱི་ལུགས་སོ།།
13.དམ་པ་གསུམ་གྱི་འཆད་ཐབས་ནི། དགེ་རྩ་ཐབས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་དམ་པ།
དགེ་རྩ་རྐྱེན་གྱིས་མི་འཇིག་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ། དགེ་བའི་རྩ་བ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བ་དམ་པའོ།།
14.གང་འཚམ་གྱི་འཆད་ཐབས་ནི། བློ་ཅན་རྣམས་ལ་ཟབ་རྒྱ་ཆེ། །བློ་ཆུང་གཟུང་བདེ་གོ་སླ་བ།།ཕྱིས་ནས་ཚིག་དོན་འབྲེལ་ཆགས་ནས།
།དོན་ཕྲ་འགལ་འབྲེལ་དཔྱད་ཅིང་བཤད། ། ཅེས་སོ།།
15.སེང་གེའི་མཇིང་བསྣོལ་གྱི་འཆད་ཐབས་ནི། ཐོག་མར་སྒྲ་ལ་མཁས་པ་ཡིས།
།ཚིག་དོན་རྣམ་པར་ཕྱེ་སྟེ་བསྟན།།དེ་ནས་དོན་ལ་མཁས་པ་ཡིས།།ལྷག་ཆད་འཁྲུལ་བ་མེད་པར་བཤད།
།ཅེས་སོ།།
16.སྲོག་ཆགས་ལ་སྦྱར་བའི་འཆད་ཐབས་ནི། སེང་སྦལ་སྟག་གསུམ་གྱི་འཆད་ཐབས་ཏེ།
འདི་ལ་ཆིངས་གསུམ་ཡང་བྱ་ལ། ཐོག་མར་ས་བཅད་བཀྲམ་པ་ལ་སྟག་མོ་ཡི་མཆོངས། བར་དུ་གཞུང་འཆད་པ་ལ་རུས་སྦལ་གྱི་འགྲོས།
གཞུག་ནས་འགག་དམ་པ་ལ་སེང་གེ་ཡི་འགྱིང་བཅས་སོ།།ཡང་ན། སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླང་།
སྦལ་བའི་འཕར་བས་སྐབས་དོན་སོ་སོར་དབྱེ། རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབས་པར་བཤད།ཡང་ན།
ཁྱུང་ཆེན་མཁའ་ལྡིང་ལྟ་བུའི་བློས།།དོན་གྱི་ཁོག་རྣམས་ཕུབ་སྟེ་བཤད།།སྟག་མོའི་མཆོང་སྟངས་ཤེས་རབ་བློས།།དོན་གྱི་ས་ཆེན་བཅད་དེ་བཤད།།རུས་སྦལ་ནུར་འགྲོས་ལྟ་བུའི་བློས།།
ཡི་གེའི་འབྲུ་རྣམས་ཆོམ་པར་བཤད།།ཅེས་སོ།།
17.ཐོས་བསམ་སྒོམ་གསུམ་གྱི་སྦྱོང་ཐབས་ནི། ཐོས་པས་ཁོག་དབུབ། བསམ་པས་དམར་ཐག་བཅད།
སྒོམ་པས་རྒྱུད་བཀལ་བའོ།།
18.དྲི་བའི་འཆད་ཐབས་ནི། གང་ན། གང་ལ། གང་གིས། ཇི་ལྟར། ཅིའི་ཕྱིར་ཞེས་ཁོངས་ནས་དྲི་བ་བཀོད་དེ་ཁྲིད་པའོ།།
29.འཆད་ཐབས་ཡིག་བཞི་མ་ནི་ཀློག་དཔྱད་སྦྱོང་ཁྲིད་དོ།།
20.སྒྲའི་འཆད་ཐབས་ལུགས་གསུམ་ནི། སྒྲ་དྲང་པོར་བཤད། དྲངས་ནས་བཤད།
ཕན་ཚུན་བསྒྱུར་ནས་བཤད་པའོ།།
21.ཕར་ཕྱིན་དྲུག་གི་འཆད་ཐབས་ནི། ཆོས་འཆད་པ་པོ་དང་། ཉན་པ་པོ་གཉིས་ཀས་བཤད་ཉན་གྱི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱ་སྟེ།
ཆོས་ཀྱི་ཚིག་སྟེར་བ་དང་། དེའི་ཆེད་དུ་ཡོན་དབུལ་བ་ལ་སོགས་པའི་སྦྱིན་པ། ཉན་བཤད་ཀྱི་མི་མཐུན་ཕྱོགས་སྤོང་བའི་ཚུལ་ཁྲིམས།
ལུས་ངག་གི་དཀའ་སྤྱད་ལ་མི་སྐྱོ་བའི་བཟོད་པ། ཉན་བཤད་ལ་སྤྲོ་བའི་བརྩོན་འགྲུས། ཆོས་ལ་རྩེ་གཅིག་པའི་བསམ་གཏན།
ཚིག་དང་དོན་རྣམ་པར་འབྱེད་པའི་ཤེས་རབ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་ཉམས་སུ་ལེན་པའོ།།འཆད་པའི་ཕ་རོལ་ཕྱིན་དྲུག་ནི།།ཚིག་དོན་ལེགས་བཤད་ཆོས་ཀྱི་སྦྱིན་པ་སྟེ།།ཉོན་མོངས་མེད་བཤད་ཚུལ་ཁྲིམས་ཕ་རོལ་ཕྱིན།
།སྐྱོ་ངལ་བཟོད་པ་སྤྲོ་བས་བརྩོན་འགྲུས་ཏེ།།མ་ཡེངས་བསམ་གཏན་འགྱེད་པ་ཤེས་རབ་བོ། །ཞེས་སོ།།
22.མཚན་ཉིད་ཀྱི་གཞུང་འཆད་པ་ན་ལུང་རིགས་ཀྱིས་དགག་བཞག་སྤོང་གསུམ་དང་བཅས་ཏེ་འཆད་པའོ།།
23.གཞུང་ཆེན་འཆད་ཉན་དང་ལྟ་ཀློག་སྐབས་ཀྱི་ཆིངས་ལྔ་སྟེ། ཁོག་དབུབ་སྟོང་ཐུན་གྱི་ཆིངས་དང༌།
ས་བཅད་རྣམ་འབྱེད་ཀྱི་ཆིངས། འགྲེལ་པ་འབྲུ་འགྲེལ་གྱི་ཆིངས།བསྡུས་དོན་གྱི་ཆིངས། ལག་ལེན་མན་ངག་གི་ཆིངས་སོ།།
24.རྒྱུད་བཤད་ཚུལ་བཞི་ནི། རྒྱུད་རྒྱུད་ཀྱིས་བཤད་པ། རྒྱུད་འགྲེལ་བས་བཤད་པ།
རྒྱུད་སྒྲུབ་ཐབས་ཀྱིས་བཤད་པ། རྒྱུད་མན་ངག་གིས་བཤད་པའོ།།
25.རྒྱུད་ལུང་མན་ངག་གི་འཆད་ཐབས་ཏེ། འདི་ལ་སྤྱིའི་ཆིངས་ཀྱང་ཞེས་བྱ་ལ།
སྤྱི་དོན་གྱིས་ཁོག་དབུབས། དཀྱུས་ཀྱིས་ས་བཅད། ཚིག་གིས་འབྲུ་གནོན། བརྒལ་ལན་གྱིས་གཏན་ལ་ཕབ་པའོ།།
26.རྒྱུད་དོན་མན་ངག་གིས་བཀྲལ་བའི་ལུགས་ནི། དབང་བོ་རབ་ལ་མཚན་བསྟན།
དབང་བོ་འབྲིང་ལ་སྤྱི་དོན་ས་བཅད་ཀྱི་རྣམ་དབྱེ་བསྟན། དབང་བོ་ཐ་མ་ལ་ཚིག་ཡིག་འབྲུ་རེ་རེའི་དོན་བཀྲལ་ཏེ་རྒྱས་བཤད་བྱེད་པའོ།།
འདི་དག་ནི་མཚོན་ཙམ་སྟེ་གཞན་ཡང་སྙན་པར་སྨྲ་བའི་འཆད་ཐབས་དང་། ལུང་འདྲེན་པའི་འཆད་ཐབས།
མཉམ་ཞུགས་ཀྱི་འཆད་ཐབས། འཁྱོག་བཤད་ཀྱི་འཆད་ཐབས། ལྐོག་བརྡའི་འཆད་ཐབས། སེམས་འདུལ་བའི་འཆད་ཐབས་སོགས་འཆད་ཐབས་ཐོར་བུ་བ་ཡང་མང་དུ་སྣང་ངོ་།།
ལྔ། ཁྲིད་ཡིག་དང་འབྲེལ་བའི་ཁྲིད་ཐབས་དང་བརྡ་ཆད་གྲགས་ཆེ་བ་འགའ་ཕྱོགས་བསྡུས་ཀྱིས་བསྟན་པ།
གཞན་ཡང་བསྟན་བཅོས་རྣམས་སུ། ལག་ཁྲིད་དང་། མོས་ཁྲིད། བདུན་ཁྲིད།
ཟླ་ཁྲིད། སྨིན་ཁྲིད། དོན་ཁྲིད། ཁྲིད་སྦྱོང་། དམར་ཁྲིད། དཀར་ཁྲིད། ཁྲིད་རྒྱུན། སློབ་ཁྲིད།
ཁྲིད་རྐང་། ཁྲིད་ཐེངས། ཁྲིན་ཐུན། ཁྲིད་དཔོན། ཁྲིད་གཉེར། ལམ་ཁྲིད། ཞིབ་ཁྲིད། མུན་ཁྲིད།
གདམས་ཁྲིད། གཞི་ཁྲིད། ཨ་ཁྲིད། ཁྲིད་རིམ། བཤད་ཁྲིད། མྱོང་ཁྲིད། ཟུར་ཁྲིད། ཁྲིད་ཆེན།
ཁྲིད་བཤད། ཁྲིད་འདེབས། ཁྲིད་སྟོན། ཚིག་ཁྲིད། ཉམས་ཁྲིད། འབྲས་ཁྲིད་སོགས་ཟ་ཟུར་མི་འདྲ་བའི་ཆ་ནས་བཏགས་པའི་ཁྲིད་ཀྱི་རྣམ་གྲངས་དང་དེ་ལ་འབྲེལ་བའི་བརྡ་ཆད་མང་དུ་སྣང་བ་ནི།
རང་རེའི་སྲོལ་རྒྱུན་སློབ་གསོ་ཕུན་སུམ་ཚོགས་པའི་མཚོན་རྟགས་ཁོ་ན་སྟེ། འདི་ནས་བརྡ་ཆད་རེ་རེ་འགྲེལ་པར་མ་བྱས་ཀྱང་ཅུང་ཟད་གོ་སླ་ལ།སྐབས་སུའང་མ་བབས་པས་མཚོན་ཙམ་སྨོས་པས་འཐུས་པར་བྱས་ཏེ་ནམ་ཞིག་གཞན་དུ་ཞིབ་གླེང་བྱ་བར་འདོད་དོ།།
དྲུག། ཁྲིད་ཡིག་དང་འབྲེལ་ཏེ་ཁྲིད་མ་ཤེས་པའི་སྐྱོན་འགའ་བསྟན་པ།
1.འཆད་པའི་སྐྱོན་ནི། གཞུང་དོན་དྲི་མ་ཅན་དུ་བྱེད་པའི་སྐྱོན་ནོར་འཁྲུལ་ཅན་དང་ཐེ་ཚོམ་གྱིས་འཆད་པ་བྱིས་པ་ཐང་ལ་འཁྱམས་པ་ལྟ་བུ།
དཀའ་གནད་བཏང་སྙོམས་སུ་བཞག་ནས་སླ་སར་སྤྲོས་ཏེ་འཆད་པ་རྒན་པོ་སོ་མེད་ཀྱིས་ཟས་ཟ་བ་ལྟ་བུ།
སྐབས་དོན་སྟོངས་ཤིང་དོན་དང་མ་འབྲེལ་བའི་གཏམ་གྱིས་ཟིང་ཟིང་པོར་བྱེད་པ་བྱ་རོག་གི་ཚང་བཅའ་བ་ལྟ་བུ།
གདུལ་བྱའི་རྒྱུད་ཚོད་དང་མི་བསྟུན་པར་གང་ཤེས་ལྷུག་པར་འཆད་པ་གླེན་མས་བུ་ཆུང་གསོ་བ་ལྟ་བུའོ།།
2.དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་གསུངས་པའི་བཤད་ཚུལ་མ་ལེགས་པའི་སྐྱོན་བཅུ་གསུམ་ནི།
མ་བཤད་པའི་སྐྱོན་དང་། ལེགས་པར་མ་བཤད་པའི་སྐྱོན། ཕྱིན་ཅི་ལོག་ཏུ་བསྟན་པ། ཐེ་ཚོམ་དང་བཅས་ཏེ་བསྟན་པ།
དཀའ་སར་གཡོལ་ནས་སླ་སར་སྤྲོས་བཤད་བྱེད་པ། གོ་རིམ་མེད་པར་བཤད་པ། སྐབས་སུ་མ་བབས་པར་བཤད་པ།
འབྲེལ་མ་ཆགས་པར་བཤད་པ། རང་ཚིག་སྔ་ཕྱི་འགལ་བའི་སྐྱོན། ཚིག་དང་དོན་ལ་ལྡབ་སྐྱོན་མང་བ།
གཞུང་དོན་ཕན་ཚུན་འདྲེས་པའི་སྐྱོན། ཚིག་ཧ་ཅང་མྱུར་བའི་སྐྱོན། ཚིག་ཧ་ཅང་དལ་དྲགས་པའི་སྐྱོན་བཅས་སོ།།
3.ཡིད་བཞིན་མཛོད་ལས་བྱུང་བའི་འཆད་པའི་སྐྱོན་བཅུ་ནི། སྐབས་འཆོལ་བ་དང་།
བརྡ་མ་འཕྲོད་པ་དང་། ཚིག་དོན་ནོར་བ་དང་། ཉོན་མོངས་པས་ཀུན་ནས་བསླངས་པའི་སེམས་དང་ངག་སྤྲོ་བ་དང་།
ཚིག་མི་གསལ་བ་དང་། ལྷག་ཆད་དུ་གྱུར་པ་དང་། དམ་བཅས་པ་སྔ་མ་ཕྱི་མས་སུན་འབྱིན་པ་ལྟ་བུ་དང་།
ཆོས་ཀྱི་གསེབ་ཏུ་ཟུར་གྱིས་རང་གི་འཁོར་དང་གཞན་ལ་འཕྱ་བ་དང་། ཡུལ་གྱི་བརྡའ་སྐད་ངན་པ་འདྲེས་པ་དང་།
གདུལ་བྱའི་བློ་དང་མི་འཚམས་པའོ།།
4.རྫ་དཔལ་སྤྲུལ་གྱིས་གསུངས་པའི་ཁྲིད་ཀྱི་སྐྱོན་གསུམ་ནི། དགོས་པ་མེད་པ་བྱ་རོག་སོ་རྟོག།
འབྲེལ་བ་མེད་པ་འདྲེ་ཤར་སྒོ་དང་གླུད་ནུབ་སྒོ། དགོས་འབྲེལ་མེད་པ་ཕྱི་རོལ་བའི་གཞུང་འཆད་པ་ལྟ་བུའོ།།
བདུན། མཇུག་བསྡུ་བའི་གཏམ།
བདག་གིས་རང་རེའི་སྲོལ་རྒྱུན་ཁྲིད་ཡིག་གི་ངོ་བོ་དང་། དཔེ་མཚོན།
དབྱེ་བ་སོགས་གླེང་ཙམ་བྱེད་པའི་དམིགས་ཡུལ་ནི། གཅིག་ནས་མེས་པོ་བཀའ་དྲིན་ཅན་དག་གི་བཀའ་དྲིན་རྗེས་སུ་དྲན་པ་དང་།
གཉིས་ནས་དེང་གི་བོད་ཡིག་དགེ་རྒན་དག“ཡར་གྱི་ཤ་རྗེས་མ་ཆོད། མར་གྱི་ཤེའུ་རྗེས་མ་ཆོད”པའི་སྣང་ཚུལ་འདི་བསྒྱུར་པ་དང་།
གསུམ་ནས་གསར་སློབ་པ་ཁ་ཤས་ཀྱིས“རང་རེའི་མཁས་པ་དག་ལ་གསར་བཏོད་ཀྱི་སྙིང་སྟོབས་ཅི་ཡང་མེད་པར་ནམ་ཡང་འགྲེལ་པ་ཡང་འགྲེལ་བརྩམས་ནས་མི་ཚད་ཟད་པ་རེད”ཅེས་པའི་ལོག་རྟོག་དང་སྒྲོ་སྐུར་བཟློགས་ནས་སློབ་གསོའི་བསྟན་པ་ཚུལ་མཐུན་ངང་དར་ན་ཅི་རུང་སྙམ་པའི་ཀུན་སློང་གིས་བྲིས་པ་ལགས་ན་དགེ་རྒན་དག་ལ་མྱུར་དུ་ཕན་པའི་གསོས་སུ་འགྱུར་པར་ཤོག།
ལུང་ཁུངས།
①«བོད་ཀྱི་ཚིག་མཛོད་ཆེན་མོའི»ཤོག་གྲངས238ན་གསལ།
②«སྨོན་ལམ་ཚིག་མཛོད»ཀྱི་ཤོག་གྲངས400ན་གསལ།