དབྱིན་གཞུང་གིས་བདུན་ཕྲག་རྗེས་མ་ནས་ཏོག་ནད་སྔོན་འགོག་སྨན་ཁབ་ཡུལ་དེའི་ནང་དངོས་སུ་སྤྱོད་རྒྱུར་ཆོག་མཆན་སྤྲད་ཡོད་འདུག
དེ་རིང་དབྱིན་ཇིའི་གཞུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། བདུན་ཕྲག་རྗེས་མ་ནས་དབྱིན་ཇིའི་གཞུང་གིས་ཨ་རིའི་ཧྥེ་ཛར་(Pfizer)སྨན་རྫས་བཟོ་གྲྭ་དང་རྗར་མན་(German
biotech)སྨན་རྫས་བཟོ་གྲྭ་གཉིས་ནས། མཉམ་འབྲེལ་བཟོ་སྐྲུན་བྱས་པའི་ཏོག་ནད་སྔོན་འགོག་སྨན་ཁབ་(BNT162b2)ཞེས་པ་ཡུལ་དེའི་ནང་དངོས་སུ་སྤྱོད་པའི་ཆོག་མཆན་སྤྲད་ཡོད་པ་དང་།
དབྱིན་ཡུལ་སྲིད་བློན་(Boris Johnson)ལགས་ནས། སྔོན་འགོག་སྨན་ཁབ་དེ་ནི་ཧ་ལས་པའི་ཡག་པོ་ཡོད་པ་དང་།
སྨན་ཁབ་དེས་ཡུལ་དེའི་མི་མང་གི་ཚེ་སྲོག་སྲུང་སྐྱོབ་དང་དཔལ་འབྱོར་རྒྱུན་ལྡན་ཡོང་བར་རང་བཞིན་གྱིས་ཕན་ཐོགས་ཡོད་སྐོར་བརྗོད་འདུག
གནད་དོན་དེའི་སྐོར་ལ་འཕྲོད་བསྟེན་དང་སྨན་རྫས་ཐོན་སྐྱེད་ལས་ཁུངས་ནས།
དབྱིན་ཡུལ་གཞུང་གིས་ཡུན་རིང་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་སྨན་ཁབ་དེ་སྤྱོད་པའི་ཆོག་མཆན་སྤྲད་པ་ཡིན་པ་དང་།
དེ་བཞིན་དབྱིན་ཡུལ་གཞུང་འབྲེལ་མགྲིན་ཚབ་པས་སྲིད་གཞུང་གིས་དེ་རིང་དངོས་སུ་སྔོན་འགོག་སྨན་ཁབ་དེ་སྤྱོད་ཆོག་པའི་ཆོག་མཆན་ཐོབ་ཡོད་པ་དང་།
འདས་པའི་ཟླ་ཤས་རིང་སྨན་ཁབ་དེར་ཁྱད་མཁས་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད། མཐའ་མཇུག་དེར་སྔོན་འགོག་སྨན་ཁབ་དེ་ནུས་པ་ཐོན་ཤོས་དང་།
བདེ་འཇགས་ཆེ་ཤོས་ཀྱི་ཆ་རྐྱེན་ཚང་ཡོད་པས་དངོས་སུ་སྤྱོད་ཆོག་པའི་ཆོག་མཆན་སྤྲད་པ་སྐོར་བརྗོད་འདུག
བྷེ་བྷེ་སི་གསར་ཁང་གི་གནས་ཚུལ་ནང་། དབྱིན་ཡུལ་གཞུང་གིས་ད་ལྟའི་ཆར་ཏོག་ནད་སྔོན་འགོག་སྨན་ཁབ་འབུམ་ ༨ མཁོ་གཏོང་གིས། ཐོག་མར་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་སྨན་ཁང་ཁག་གི་འཕྲོད་བསྟེན་མདུན་མཆོང་སྨན་པ་དང་སྨན་ཞབས་པ། ལོ་ན་ ༨༠ དང་རྒས་གསོ་ཁང་། ནར་མ་སོན་པའི་ཕྲུ་གུ དེ་བཞིན་འཕྲོད་བསྟེན་བདེ་ཐང་མེད་པའི་རིགས་སོགས་ལ་རྒྱག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། རྒྱལ་སྤྱིའི་ཁྱད་མཁས་པ་ཚོས་དབྱིན་ཡུལ་དེ་འཛམ་གླིང་གི་ཏོག་ནད་སྔོན་འགོག་སྨན་ཁབ་སྤྱོད་མཁན་ཐོག་མ་དེ་ཆགས་རྒྱུ་ཡིན་པས། གནད་དོན་དེ་ནི་ཏོག་ནད་སྨན་ཁབ་བཟོ་སྐྲུན་དང་བེད་སྤྱོད་ཀྱི་ལོ་རྒྱུས་ཁྲོད་མདུན་མཆོང་དང་བློས་གཏོང་ཆེན་པོ་ཞིག་ཡིན་སྐོར་བརྗོད་བཞིན་འདུག
དབྱིན་ཡུལ་གཞུང་གིས་ཧྥེ་ཛར་སྨན་ཁབ་གཅིག་པུ་ཙམ་མ་ཡིན་པར། ཚོད་ལྟའི་གོ་རིམ་ཁྲོད་གྲུབ་འབྲས་ཡག་པོ་ཐོན་བཞིན་པའི་སྔོན་འགོག་སྨན་ཁབ་གཞན་དག་ལ་སྤྱོད་ཆོག་མིན་གྱི་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། ཐེངས་འདིར་ཚོད་ལྟ་བྱས་པའི་ཁྲོད་ཧྥེ་ཛར་སྨན་ཁབ་ལ་གྲུབ་དོན་ཡག་པོ་ཐོན་ཡོད་འདུག ད་ལྟའི་ཆར་ཧྥེ་ཛར་སྔོན་འགོག་སྨན་ཁབ་བཟོ་གྲྭས་སྨན་ཁབ་ཀྱི་ཚོད་ལྟའི་ཁྲོད། འགོག་སྨན་གྱི་ནུས་པ་ཐོན་ཤོས་དེ་སྔོན་གྱི་བརྒྱ་ཆ་ ༩༠ ལས་ད་ལྟ་བརྒྱ་ཆ་ ༩༥ ལ་ཐོན་ཡོད་པ་དང་། སྔོན་འགོག་སྨན་ཁབ་དེ་ནི་ད་བར་འཛམ་གླིང་ཡོངས་སུ་ ཏོག་ནད་འགོས་ཁྱབ་འགྲོ་བ་དང་བསྟུན། འགོག་སྨན་བཟོ་སྐྲུན་མཁན་ཐོག་མའི་གྲས་དང་འགོག་སྨན་ཚོད་ལྟ་རིམ་པར་ལེགས་འགྲུབ་བྱུང་བའི་གྲས་དང་པོ་ཆགས་ཀྱི་ཡོད་པ་རེད།
ཧྥེ་ཛར་སྨན་རྫས་བཟོ་སྐྲུན་ཁང་གིས་ཕྱི་ཟླ་ ༡༢ ནང་ཨ་རི་སོགས་སུ་ཛ་དྲག་གིས་སྤྱོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་ལྟར། ཨ་རིས་ཕྱི་ཟླ་ ༡༢ ཚེས་ ༡༥ ནས་བཟུང་སྔོན་འགོག་སྨན་ཁབ་རྒྱལ་ཡོངས་སུ་ཛ་དྲག་གིས་ངང་བེད་སྤྱོད་ཀྱིས་མི་མང་གི་དཀའ་ངལ་སེལ་རྒྱུ་ཡིན་སྐོར་བརྗོད་བཞིན་ཡོད་པ་དང་། ཉེ་སྔོན་ཕྱི་ཟླ་ ༡༡ ནང་སྨན་རྫས་བཟོ་གྲྭ་ཁང་དེས་གནས་བབ་ལ་དཔག་ཏེ། འཛམ་གླིང་ཡོངས་སུ་ཕྱི་ལོ་ ༢༠༢༠ ནང་འགོག་སྨན་ས་ཡ་ ༥༠ བཟོ་སྐྲུན་དང་། ཕྱི་ལོ་ ༢༠༢༡ ལོར་ཐེར་འབུམ ༡།༣ བཟོ་སྐྲུན་ཐུབ་པའི་འཆར་གཞི་འདིང་བཞིན་ཡོད་སྐོར་བསྒྲགས་ཡོད་པ་རེད།