བདེན་པ་ལྷ་ཁང་ཁོ་ནར་མེད།

རྗེ-ཀིར་ཤུ་ན་མུར་ཏི། ལོ་མ་རྒྱལ་གྱིས་བསྒྱུར།

བརྗིད་ཉམས་དང་གཡོ་འགུལ་མེད་པར་བསྡད་དེ་ཞི་བར་གནས་པ་ནི་ཇི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། དེ་ནི་ལོ་མ་མེད་པའི་ཤིང་སྡོང་ཞིག་ལ་ལྟ་བ་ལྟར་ཧ་ཅང་གལ་ཆེན་ཞིག་ཡིན། ཁྱོད་ཀྱིས་སྔོ་ཤག་ཤག་གི་ཞོགས་པའི་ནམ་མཁར་འགྲེང་བའི་ཡིད་འོང་གི་ཤིང་སྡོང་དེ་ཚོར་དོ་སྣང་བྱས་མྱོང་ངམ། རྗེན་གཅེར་དུ་བུད་པའི་ཤིང་སྡོང་དེ་ཚོའི་ཡལ་ག་དག་གིས་རང་གི་མཛེས་པ་ཕྱིར་མངོན་ཞིང་། ཤིང་སྡོང་ལ་དཔྱིད་ཀ་དང་། དབྱར་ཁ། སྟོན་ཁ་བཅས་ཀྱི་དུས་ཚིགས་སུ་ཐུན་མོང་མ་ཡིན་པའི་རང་གི་མཛེས་པ་ཞིག་ཡོད། མཛེས་པ་དེའང་དུས་ཀྱི་འགྲོས་དང་བསྟུན་ནས་འགྱུར་འགྲོ་ཞིང་། ང་ཚོས་དེར་དོ་སྣང་དང་ལྟ་ཞིབ་བྱེད་པ་ནི། རང་གི་འཚོ་བ་རོལ་སྟངས་ལ་བསམ་གཞིགས་བྱེད་པ་ལྟར་གལ་འགངས་ཆེ།

ང་ཚོ་ཨུ་རུ་སུ་དང་། ཨ་རི། རྒྱ་གར་བཅས་རྒྱལ་ཁབ་གང་དུ་ཡོད་ཀྱང་ཐམས་ཅད་འགྲོ་བ་མི་ཡིན། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། ང་ཚོ་ཀུན་ལ་ཐུན་མོང་གི་གནད་དོན་ཞིག་ཡོད་པ་ནི།རང་ཉིད་རྒྱ་གར་བ་དང་། ཨ་རི་བ། ཨུ་རུ་སུ་བ། རྒྱ་མི་སོགས་ཡིན་ཞེས་རང་ཉིད་ཅིག་གི་ཁོང་གཏོགས་ཡིན་སྙམ་པའི་མདོ་རྩ་བྲལ་བའི་བསམ་བློ་གཏོང་བ་དེ་ཡིན། ཆབ་སྲིད་དང་། ས་ཁོངས། རིགས་རུས། དཔལ་འབྱོར་བཅས་ཀྱི་དབྱེ་བ་ཡོད་ཀྱང་། དབྱེ་བ་དེ་དག་གི་ཐད་ལ་དོ་གལ་ཤུགས་ཆེན་བྱས་ན། དེས་མི་ཕན་ཚུན་གྱི་བར་ལ་ཤ་འཁོན་དང་སྡང་སེམས་འབའ་ཞིག་སྐྲུན་བཞིན་ཡོད།

ད་ལྟའི་དུས་སུ་ཨ་རི་ནི་ཕལ་ཆེར་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཅིག་རེད། འདིའི་ཡར་རྒྱས་ཞེས་པ་ནི། ཁོ་ཚོར་རླུང་འཕྲིན་དང་། བརྙན་འཕྲིན། འཕྲུལ་ཆས། ཟ་མ་སོགས་འབེལ་བོ་ཡོད་པའི་དོན་རེད། ཡིན་ན་ཡང་རྒྱ་གར་ལ་མཚོན་ན། བཀྲེས་སྐོམ་དང་། མི་འབོར་ཚད་བརྒལ། ལས་མེད་བཅས་ཀྱི་དཀའ་ངལ་མང་པོ་ཡོད། འོན་ཀྱང་། ང་ཚོ་གང་དུ་སོང་ཡང་གང་ནས་བསྡད་ཀྱང་རུང་འགྲོ་བ་མི་ཡིན། འགྲོ་བ་མི་ཡིན་པའི་ཆ་ནས། ང་ཚོའི་དཀའ་ངལ་ནི་འགྲོ་བ་མི་ཡིས་བསྐྲུན་པ་ཞིག་ཡིན་སྟབས། ང་ཚོས་རང་ཉིད་ནི། རྒྱ་གར་བ་དང་། ཨ་རི་བ། དབྱིན་ཇི་བ། ཡང་ན་མི་དཀར་བོ་དང་། སྨུག་པོ། ནག་པོ། སེར་བོ་ཡིན་ཞེས་བསམ་བློ་གཏོང་སྐབས། དོན་ངོ་མར་འགྲོ་བ་མིའི་ཕན་ཚུན་གྱི་བར་ལ་དགོས་མེད་ཀྱི་བར་གྱང་ཞིག་རྩིག་བཞིན་ཡོད།

ང་ཚོའི་དཀའ་ངལ་གཙོ་བོ་གཅིག་ནི། འཛམ་གླིང་གང་སའི་དེང་སྐབས་ཀྱི་སློབ་གསོ་ཡིས་མི་རྣམས་འཕྲུལ་ཆས་ཅན་དུ་སྒྱུར་བར་གལ་གནད་དུ་འཛིན་པ་དེ་རེད། ང་ཚོས་གནམ་གྲུ་དང་ལམ་ཁ་ཇི་ལྟར་བཟོ་དགོས་མིན་དང་། རླངས་འཁོར་དང་རྡུལ་ཕྲན་མཚོན་ཆ་ཇི་ལྟར་བཟོ་དགོས་མིན་སྦྱོང་གི་ཡོད། དེ་ལྟ་བུའི་ཚན་རྩལ་དང་འཕྲུལ་ལས་ཀྱི་ཁྲོད་ནས། ང་ཚོས་རང་ཉིད་འགྲོ་བ་མི་ཞིག་ཡིན་པ་དེ་བརྗེད་ཀྱི་ཡོད། འདིས་ཅི་ཞིག་མཚོན་གྱི་ཡོད་ཅེ་ན། ང་ཚོའི་སེམས་པ་ནི་བྱ་དངོས་དེ་དག་དང་འབྲེལ་བའི་བསམ་བློ་ཡིས་ཁེངས་ཡོད་པར་མཚོན་གྱི་ཡོད།

ཨ་རི་ན་རང་འགུལ་ཅན་གྱི་འཕྲུལ་ཆས་ཀྱི་རིགས་མང་བོ་ཐོན་སྐྱེད་བྱེད་ཀྱི་ཡོད་པས། མི་རྣམས་ཀྱིས་དུས་ཚོད་མང་པོར་ལས་ཀ་བྱེད་མི་དགོས། རྒྱ་གར་ལ་མཚོན་ན་ཡང་། ཁ་སང་དེ་རིང་དེ་ལྟར་བྱེད་ཀྱི་འདུག་པས། ང་ཚོ་ལ་རང་གི་དུས་ཚོད་ཇི་ལྟར་བཀོལ་སྤྱོད་བྱེད་པའི་ཐད་ལ་དཀའ་ངལ་མང་བོ་ཞིག་འཕྲད་རྒྱུ་རེད། ད་ལྟ་ལས་མི་སྟོང་ཕྲག་མང་པོ་ཡོད་པའི་བཟོ་གྲྭ་ཆེན་པོ་དེ་ཕལ་ཆེར་འཕྲུལ་ཆས་ཁ་ཤས་ཀྱིས་ཁ་ལོ་སྒྱུར་རྒྱུ་རེད། དེ་ནས་ལས་མེད་སྟོང་ཕྲག་མང་པོ་དེ་ཚོས་ཅི་ཞིག་བྱེད་དམ། གལ་ཏེ་སློབ་གསོ་ཡིས་གནད་དོན་འདི་དང་། དེ་བཞིན་འགྲོ་བ་མིའི་དཀའ་ངལ་གཞན་རྣམས་སྣང་མེད་དུ་བསྐྱུར་ཚེ། ང་ཚོའི་འཚོ་བ་ནི་སྟོང་ལྷང་ལྷང་ཞིག་ཏུ་འགྱུར་རྒྱུ་རེད།

དེང་སྐབས། ང་ཚོའི་འཚོ་བ་ནི་སྟོང་ལྷང་ལྷང་ཞིག་མ་རེད་དམ། ཁྱོད་ལ་སློབ་གྲྭ་ཆེན་མོའི་ལག་ཁྱེར་ཡོད་སྲིད་ཅིང་། གཉེན་སྒྲིག་བྱས་ཏེ་འཚོ་བ་ཡང་ཡག་པོ་ཡོད་སྲིད། ཁྱོད་རང་སྤྱང་གྲུང་འཛོམས་ཏེ། གནས་ཚུལ་མང་བོ་ཞིག་ལ་རྒྱུས་ལོན་དང་འབྲེལ་འདྲིས་ཀྱང་བྱས་ཡོད་སྲིད། དེ་བཞིན་ཁྱོད་ཀྱིས་གསར་དུ་པར་བསྐྲུན་བྱས་པའི་དཔེ་ཆ་དེ་ཡང་ཤེས་ཡོད་སྲིད། ཡིན་ན་ཡང་། ཁྱོད་ཀྱི་སེམས་པར་འཕྲུལ་ཆས་དེ་དག་དང་འབྲེལ་བའི་བསམ་བློ་དེས་ཁེངས་ཚེ། ཁྱོད་ཀྱི་འཚོ་བ་ནི་ཡིད་དུ་མི་འོང་བ་ཞིག་དང་སྟོང་ལྷང་ལྷང་ཞིག་ཏུ་འགྱུར་འགྲོ་བ་ཁོ་ཐག་ཡིན་པས། དེ་ལ་དོན་སྙིང་ཅི་ཡང་མེད། ཁྱོད་ཀྱི་སེམས་ངོགས་ཀྱི་འཕྲུལ་ཆས་ཀྱི་བྱ་དངོས་དེ་དག་རྩ་བ་ནས་མེད་པར་བྱས་ཚེ།གཞི་ནས་ཁྱོད་ཀྱི་འཚོ་བ་ལ་མཛེས་པ་དང་དོན་སྙིང་ལྡན།

ཁྱོད་ཀྱིས་ཤེས་སམ། དེ་དག་ཐམས་ཅད་ནི་མི་སྒེར་རེ་རེ་ཡི་དཀའ་ངལ་ཞིག་ཡིན་པ་ལས། ང་ཚོར་འབྲེལ་བ་མེད་པ་ཞིག་དང་། ཡང་ན་ཚོད་ཚོད་དང་ཐད་ཐད་དུ་ཚོད་དཔག་བྱས་པའི་དཀའ་ངལ་ཞིག་མིན། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འཛམ་བུ་གླིང་ལ་ཇི་ལྟར་བདག་སྐྱོང་བྱེད་དགོས་པ་དེ་ཤེས་ཀྱི་མེད། ང་ཚོས་རང་ཉིད་དང་རྒྱལ་ཁབ་ཀྱི་ཡར་རྒྱས་དང་རྒྱལ་ཁ་ཁོ་ནར་དོ་ཁུར་བྱེད་པ་ལས་རང་ཉིད་ཀྱི་བྱིས་པ་ལ་ཇི་ལྟར་དགའ་ཞིང་བརྩེ་བ་བྱེད་མ་ཤེས་ཚེ། འཛམ་བུ་གླིང་འདི་འཇིགས་སུ་རུང་བ་ཞིག་ཏུ་བསྒྱུར་རྒྱུ་རེད། གང་ལྟར། དེ་ལྟ་བུའི་འཇིགས་སུ་རུང་བ་ཞིག་ང་ཚོས་བསྐྲུན་ཚར་ཡོད་པ་ཡང་འདྲ། རྒྱལ་ཁབ་ཅིག་གི་སྟོབས་འབྱོར་མངའ་ཐང་ཇི་ལྟར་རྒྱས་ཀྱང་རུང་། རྒྱལ་ཁབ་གཞན་ཞིག་ནི་ད་དུང་མེད་མུག་དང་བཀྲེས་སྐོམ་གྱིས་མནར་གྱི་ཡོད་ཚེ། རྒྱལ་ཁབ་དེ་ཡི་སྟོབས་འབྱོར་མངའ་ཐང་དེ་དུག་ཏུ་འགྱུར་འགྲོ། ང་ཚོ་ནི་འགྲོ་བ་མིའི་རིགས་ཡིན། འཛམ་བུ་གླིང་འདི་ང་ཚོ་ཐུན་མོང་གི་བགོ་སྐལ་ཡིན། ང་ཚོས་བྱམས་པ་དང་བརྩེ་བའི་སྒོ་ནས་དེར་བདག་གཅེས་བྱས་ན། དེ་ཡིས་ང་ཚོར་ཟ་མ་དང་། གྱོན་གོས། སྡོད་གནས་བཅས་སྦྱིན་ཡོང་།

དེར་བརྟེན། སློབ་གསོ་ཡི་དམིགས་ཡུལ་ནི་ཁྱོད་ཀྱིས་ཡིག་རྒྱུགས་འཕྲོད་པ་ཁོ་ནར་རོགས་བྱེད་པ་དེ་མིན་པར། ཁྱོད་ལ་འཚོ་བའི་དཀའ་གནད་ཡོད་ཚད་ཇི་ལྟར་རྟོགས་པར་རོགས་བྱེད་པ་དེ་ཡིན། དེ་ཡང་ཕོ་མོའི་ལུས་འབྲེལ་དང་། འཚོ་ཐབས་ཀྱི་ཡོང་སྒོ་གསོག་སྟངས། གད་མོ་དགོད་པ། རང་ངོས་ནས་བྱ་བའི་མགོ་རྩོམ་སྟངས། ཇི་ལྟར་ནན་ཏན་དང་གཏིང་ཟབ་པའི་ངང་ནས་བསམ་བློ་གཏོང་སྟངས་བཅས་ཇི་ལྟར་ཤེས་པར་རོགས་བྱེད་པ་དེ་ཡིན། དཀོན་མཆོག་ནི་ཅི་ཞིག་ཡིན་པ་དེའང་ཤེས་དགོས་པའི་གནད་དོན་ཞིག་ཡིན། ཅི་ཕྱིར་ཞེ་ན། དེ་ནི་ང་ཚོའི་འཚོ་བའི་རྨང་གཞི་ཡིན་པས་ཡིན། གལ་ཏེ་ཁང་པ་ཞིག་ལ་རྨང་གཞི་བརྟན་པོ་མེད་ན། ཁང་པ་དེ་ཡུན་རིང་ཞིག་ལ་བརྟན་པོར་གནས་མི་ཐུབ། གལ་ཏེ་ང་ཚོས་དཀོན་མཆོག་གམ་བདེན་པ་ནི་ཅི་ཞིག་ཡིན་པའི་རྩད་གཅོད་མ་བྱས་ན། མིའི་གསར་གཏོད་བྱས་པའི་དངོས་པོ་ཐམས་ཅད་ལ་དོན་སྙིང་མེད།

ཤེས་ཡོན་པས་ངེས་པར་དུ་ཁྱོད་ལ་དེ་དག་གི་ཐད་ལ་གོ་བ་དང་རྒྱུས་ལོན་ཡོང་བར་རོགས་འདེགས་བྱེད་དགོས། དེ་ཡང་། ཁྱོད་རང་ལོ་ན་ཆུང་དུས་ནས་དེ་ལྟར་བྱེད་དགོས་པ་ལས་ལོ་ན་དྲུག་ཅུར་སོན་སྐབས་སུ་མིན། ལོ་རྒན་དྲུག་ཅུར་བསླེབས་དུས། ཁྱོད་ཀྱིས་དཀོན་མཆོག་ཅི་ཞིག་ཡིན་པ་ཁྱོན་ནས་ཤེས་མི་ཐུབ། དེའི་རྒྱུ་མཚན་ནི་དེ་ལྟ་བུའི་ལོ་ཚོད་ལ་བསླེབས་དུས། མི་ཕལ་མོ་ཆེ་རྒས་ཤིང་འཁོགས་པ་དང་ཚེ་ལས་འདས་འགྲོ་བས་ཡིན། དེས་ན་ཁྱོད་ཀྱིས་ལོ་ན་ཆུང་དུས་ནས་བཟུང་གནད་དོན་དེ་དག་ཤེས་རྟོགས་ཡོང་བར་ངེས་པར་དུ་མགོ་རྩོམ་དགོས། ཅིའི་ཕྱིར་ཞེ་ན། ལོ་ན་ཆུང་དུས་སུ་ཁྱོད་ཀྱིས་ཡང་དག་པའི་རྨང་གཞི་ལེགས་པོ་ཞིག་སྐྲུན་ཐུབ་པར་བརྟེན། ཁྱོད་ཀྱི་ཁང་པ་འགྲོ་བ་མིས་རང་ཉིད་ལ་བཟོས་པའི་རླུང་འཚུབ་དྲག་པོ་དེའི་ཁྲོད་ནས་བརྟན་པོར་གནས་ཐུབ། དེ་ལྟར་བྱས་ན། ཁྱོད་རང་དགའ་ཞིང་སྐྱིད་པའི་ངང་ནས་འཚོ་ཐུབ། དེ་ཡང་ཁྱོད་ཀྱི་བདེ་སྐྱིད་ནི་གོན་པ་དང་། རྒྱན་ཆ། རླངས་འཁོར། རླུང་འཕྲིན། རང་ཉིད་ལ་དགའ་མཁན་དང་མི་དགའ་མཁན་བཅས་ཀྱི་གཞན་དབང་དུ་གྱུར་མེད་པས་ཡིན། ཁྱོད་ལ་བདེ་སྐྱིད་དང་ལྡན་པ་ནི། རང་གི་རྒྱུ་ནོར་དང་། གོ་གནས། ཤེས་ཚད་བཅས་ཀྱི་དབང་གིས་མིན་པར་རང་གི་འཚོ་བར་མ་གཞི་ནས་དོན་སྙིང་ཡོད་པའི་རྒྱུ་མཚན་གྱིས་ཡིན། དོན་སྙིང་དེ་ཡང་ཁྱོད་ཀྱིས་སྐད་ཅིག་རེ་རེ་ནས་བདེན་པ་འཚོལ་བའི་སྐབས་ཁོ་ནར་ལྷང་ལ་བུད་ཡོང་བ་ཞིག་ཡིན། བདེན་པ་ནི་ཆོས་དངོས་ཡོད་དོ་ཅོག་གི་ཁྲོད་དུ་ཡོད་པ་ཞིག་ཡིན་པ་ལས། ཡེ་ཤུའི་ལྷ་ཁང་དང་། ནང་པའི་ལྷ་ཁང་། ཁ་ཆེའི་ལྷ་ཁང་། ཡང་ན་ཆོ་ག་ཕྱག་ལེན་གྱི་ལས་ཀ་བཅས་ཁོ་ན་ནས་ཤེས་དགོས་པ་ཞིག་མིན།

བདེན་པ་འཚོལ་དགོས་ན། ང་ཚོས་ངེས་པར་དུ་ལོ་རབས་ནས་ལོ་རབས་ལ་བསགས་པའི་ས་རྡུལ་དག་ལས་ཇི་ལྟར་ཐར་དགོས་པ་ཤེས་དགོས། ཁྱོད་ཀྱིས་ང་ལ་ཡིད་ཆེས་བྱོས་དང་། བདེན་པ་འཚོལ་བ་ནི་ད་གཟོད་ཡང་དག་པའི་སློབ་གསོ་ཡིན། སྤྱང་གྲུང་འཛོམས་པའི་མི་སུ་ཞིག་གིས་ཀྱང་དཔེ་ཆ་ཀློག་པ་དང་། གནས་ཚུལ་བསྡུ་ལེན་བྱེད་པ། གོ་གནས་རེག་པར་བྱེད་པ། གཞན་ལ་གཉའ་གནོན་བྱེད་པ་སོགས་བྱེད་ནུས་མོད། འོན་ཀྱང་དེ་ནི་སློབ་གསོ་མིན། ངེས་གཏན་གྱི་བསླབ་གཞི་འབའ་ཞིག་སློབ་པ་ནི་སློབ་གསོའི་ཆ་ཤས་ཆུང་ཆུང་ཞིག་ཡིན་ནའང་། འཚོ་བ་ཡི་ཆ་མང་པོ་ཞིག་གི་ཐད་ནས། ང་ཚོར་སློབ་གསོ་ཁྱོན་ནས་སྤྲོད་ཀྱི་མེད་ལ། དེའི་ཐད་ལ་ཡང་དག་པའི་བྱེད་ཐབས་ཤིག་ཀྱང་མི་འདུག

ང་ཚོའི་ཉིན་རེའི་འཚོ་བ་དང་། དེ་ཡི་ཁྲོད་ཀྱི་རླུང་འཕྲིན། རླངས་འཁོར། གནམ་གྲུ་བཅས་ལ་དོན་སྙིང་ལྡན་ཕྱིར། འཚོ་བ་ལ་འཇུག་པའི་ཐབས་ལམ་འཚོལ་ཚུལ་ནི་སློབ་གསོ་ཡིན། དེ་ཡང་ཚིག་སྒྲོས་གཞན་ཞིག་གི་སྒོ་ནས་བརྗོད་ན། སློབ་གསོ་ནི་ཆོས་དང་ལྷན་དུ་ངེས་པར་དུ་མགོ་རྩོམ་དགོས། ཡིན་ན་ཡང་། ཆོས་ནི་མཆོད་དཔོན་དང་། ལྷ་ཁང་། བཀའ་ལུང་། དད་པ་སོགས་དང་འབྲེལ་ནས་སྒྲུབ་དགོས་པ་ཞིག་མིན། ཆོས་ནི་ལྷད་མེད་ཀྱིས་གཞན་ལ་དགའ་ཞིང་བརྩེ་བ་དང་། གཏོང་ཕོད། དགེ་བའི་ལས་བཅས་ལ་འཇུག་པ་དེ་ཡིན། དེ་ལྟར་བྱས་ན། ད་གཟོད་ང་ཚོ་ངེས་པ་དོན་གྱི་འགྲོ་བ་མི་ཡིན། འོན་ཀྱང་། བདེན་པ་དོན་དུ་མ་གཉེར་ན་དགེ་བ་དང་། གཏོང་ཕོད། བརྩེ་བ་བཅས་ནི་ཡོང་ཐབས་མེད་པ་ཞིག་ཡིན།

འོན་ཀྱང་། ཡིད་སྐྱོ་དགོས་པ་ཞིག་ལ། དེང་སྐབས་ཀྱི་སློབ་གསོ་ཡིས་འཚོ་བའི་ཆ་ཤས་མང་བོ་ཞིག་ཡ་མེད་དང་སྣང་མེད་དུ་བསྐྱུར་ནས་འདུག ཁྱོད་རང་ཡང་དོན་སྙིང་ཕྲན་ཙམ་ལས་མེད་པའི་དཔེ་ཆ་རེ་ཟུང་གིས་དུས་རྟག་ཏུ་བསྡམས་ཤིང་། དེ་བཞིན་དོན་སྙིང་ཆེར་མེད་པའི་ཡིག་རྒྱུགས་ཀྱིས་ཀྱང་ཁྱོད་ཀྱི་དུས་ཚོད་ཀྱི་ཁྱབ་ཁོངས་མང་བོ་ཞིག་བཅད་བཟུང་བྱས་ཡོད། དེ་དག་གིས་ཁྱོད་ལ་ལས་ཀ་ཞིག་རེག་པར་བྱས་ཏེ་དོན་སྙིང་ཞིག་སྦྱིན་སྲིད་མོད། འོན་ཀྱང་། དེང་སྐབས་ཀྱི་བཟོ་གྲྭ་ཕལ་མོ་ཆེ་ཞིག་འཕྲུལ་ཆས་ཀྱིས་གཉེར་གྱི་ཡོད་སྟབས། ང་ཚོས་ད་ལྟ་ནས་རང་གི་ཁོམ་ལོང་གི་དུས་རྣམས་ཇི་ལྟར་ཡང་དག་པའི་སྒོ་ནས་བཀོལ་སྤྱོད་བྱེད་དགོས་པའི་ཐད་ལ་སློབ་གསོ་སྤྲད་དེ་སྦྱོང་བརྡར་བྱེད་དགོས། དེ་ཡང་བསམ་ཚུལ་འཚོལ་བསྡུ་བྱེད་པ་ཁོ་ན་མིན་པར། ང་ཚོས་ད་དུང་ཤེས་མེད་པའི་རང་གི་འཚོ་བའི་ཆ་ཤས་རྣམས་གསར་རྟོགས་དང་རྒྱུས་ལོན་བྱེད་དགོས། གཡོ་དང་ལྡན་པའི་སེམས་ནི་ཅི་ཡང་མིན་ཞིང་། དེས་བླ་ན་མེད་པའི་བྱམས་བརྩེའི་བློ་སོགས་རྟོགས་མི་ཐུབ། བླ་མེད་ཀྱི་བྱམས་བརྩེ་དེའི་ཁྲོད་ན་བདེ་བ་དང་གཟི་བརྗིད་ཡོད་ཅིང་། དེའི་ངང་ནས་འཚོ་བ་དང་དེ་ལ་མྱོང་རོལ་བྱེད་པ་ནི་སློབ་གསོ་ཡི་ཁ་ཕྱོགས་ཡིན། གལ་ཏེ་ཁྱོད་ལ་དེ་ལྟ་བུའི་སློབ་གསོ་ཞིག་མ་འཐོབ་པར་སྤྱི་ཚོགས་སུ་ཞུགས་ཚེ། འདས་སོང་དང་སྲོལ་རྒྱུན་གྱིས་བསྐྲུན་པའི་འཇིགས་སུ་རུང་བའི་རྙོག་ཟིང་གི་ཁྲོད་དུ་ཐིམ་འགྲོ།

དེར་བརྟེན། དགེ་རྒན་དང་སློབ་མ་རྣམས་ཀྱིས་གནད་དོན་འདི་ཡི་ཐད་ལ་བསམ་བློ་གཏོང་དགོས། གཞན་ལ་འཁང་ར་དང་ལེ་བདའ་མ་བྱེད། རང་ནུས་ཅི་ལྕོགས་ཀྱིས་ཡང་དག་པའི་སྒོ་ནས་ཆོས་ལུགས་ལ་བརྟག་དཔྱད་དང་། དགའ་སྣང་། ལག་ལེན། འཚོ་བ་བཅས་བྱེད་པའི་སྒྲིག་འཛུགས་ཤིག་སྐྲུན་པའི་རོགས་བྱེད་དགོས། དེ་ནས་ཁྱོད་ཀྱིས་རང་གི་འཚོ་བ་ནི་འཛམ་བུ་གླིང་གི་དངུལ་ཁང་ཐམས་ཅད་ལས་ཀྱང་ཕུན་སུམ་ཚོགས་པ་ཞིག་ཏུ་གྱུར་ཡོད་པ་ཤེས་ཡོང་།

བོད་ཀྱི་མེས་པོ།

བོད་ཀྱི་མེས་པོ་ནི། བོད་དང་རྒྱལ་སྤྱིའི་སྐབས་དོན་གསར་འགྱུར་གཙོའི་སྤྱི་ཚོགས་དཔྱད་བརྗོད་དང་། སྲིད་དོན་ཆེད་རྩོམ། འགྱུར་རྩོམ་དང་བརྙན་སོགས་སྤེལ་ས་ཞིག་ཡིན།

Post a Comment

རྣམ་པ་ཚོས་བོད་ཀྱི་མེས་པོ་དྲ་བར་མཆན་འགོད་སྐབས། མི་སྒེར་དང་ཚོགས་པ་སོགས་ལ་གཞི་མེད་སྐྱོན་བརྗོད་དང་། བདེན་པ་རྩ་ནས་མེད་པའི་འཆལ་གཏམ་རིགས་མི་སྤེལ་རོགས་གནང་།

Previous Post Next Post